[A:༤༢༥]ལྷག་པར་གསུང་ངག་རིན་པོ་ཆེའི་ཆོས་བཀའ་ཐོག་མར་གནང་བའི་རྒྱུད་གསུམ་སྔོན་འགྲོ་དབང་བསྐུར་སྩལ་བའི་ཆེད་དུ་ལྗགས་བསྙེན་གསོས་གནང་ཚེ་སྔོན་དུས་ཡབ་རྗེ་རྡོ་རྗེ་འཆང་བདེ་མཆོག་ཏུ་བཞུགས་སྐབས་ཕ་བོང་ཞིག་ལ་ཕྱག་སོར་དྲུད་སའི་རྗེས་གྲུབ་ཆུ་རྡོལ་བ་ཕྱིས་སུ་ཤྭ་འོད་སོགས་ཀྱིས་ཟུབ་ནས་མ་བྱུང་བ། འདི་སྐབས་རང་རྡོལ་དུ་བྱུང་བ་སོགས་གྲུབ་པའི་མཚན་མ་ངོ་མཚར་བ་བརྙེས། ཁམས་སྨན་ཇི་དགོན་ནས་བླ་མ་བགྲེས་པོ་ལམ་འབྲས་རྫོང་ལུགས་ལོ་རེ་བཞིན་འཆད་མཁན་ཞིག་ཡོད་འདུག་པ་དེས་ཆོས་དུང་དངུལ་གཤོག་མ་གཉིས་ཀྱིས་གཙོས་འབུལ་ཆེན་ཕྱག་འབྱོར་གྱིས་རྟེན་འབྲེལ་ཡང་ལེགས།
དགུང་གྲངས་ཉེར་བདུན་པར་ཞ་ལུང་མཁན་ཆེན་བསོད་ནམས་མཆོག་གྲུབ་བཀའ་ཆོས་ཞུར་ཕེབས་པར་ཟླ་བ་ཕྱེད་གཉིས་ཙམ་གྱིས་རིང་ཟབ་རྒྱས་ཆོས་ཀྱི་བདུད་རྩི་ཇི་ལྟར་བཞེད་པ་གནང་། འདི་ལོ་སྔ་ཕྱིིར་བླ་བྲང་ཕུན་ཚོགས་གླིང་ཉམས་གསོ་དང་། དབུ་རྩེ་རྙིང་མར་མཐིལ་ཞལ། ཤིང་རྩི། ཁྱད་གོས་ཞེ་གཅིག་པའི་གནམ་རྒྱན། ཀ་འཕན་སོགས་ཕུལ་ཕྱིན་མཛད།
དགུང་གྲངས་ཉེར་བརྒྱད་པར་ཁམས་ས་དཀར་ནས་སྦྱིན་བདག་སྐུ་དྲུང་སྐུ་སྐྱེ་དཔོན་གཡོག་རྣམས་དད་མཇལ་དང་གསུང་ངག་རིན་པོ་ཆེ་ཞུ་བར་འབུལ་སྟོབས་ཆེ་བ་བཅས་འབྱོར་བ་བཞིན་