[A:༤༢༤]ཆོས་ཁྲི་ཆེན་མོ་སོགས་དགུང་གྲངས་ཉེར་ལྔར་ཕེབས་པ་ཆུ་སྟག་ལོ་དབྱར་ཐོག་ཏུ་གྲུབ་ནས་རབ་གནས་གནང་ཚེ་མེ་ཏོག་གི་ཆར་མཐུན་གྲུབ་ཏུ་བྱུང་། བཟོ་རིག་པ་རྣམས་ལའང་གནང་སྦྱིན་ཡིད་ཁེངས་པ་དང་བཅས་དགའ་སྟོན་ཉིན་དམ་པ་གོང་མ་རྒྱས་པའི་དངོས་གྲུབ་རྟེན་འབྲེལ་བཟང་པོར་གློ་བོ་སྨད་ནས་དཔོན་དྲུང་ཁྲོ་བོ་རྣམ་རྒྱལ་དཔོན་གཡོག་རྣམས་ཀྱིས་གསེར་དངུལ་བརྒྱ་འབུལ། དར་རས། རྟ་ཕྱུགས་སོགས་འབུལ་བ་བསམ་གྱིས་མི་ཁྱབ་པའང་འབྱོར། སྟོན་མཇུག་གཟིམ་ཆུང་རབ་གསལ་འོག་གི་ཀ་རྩི་གདུང་རྩི་སོགས་ཚོན་འགྱེད་དང་། ཚོམས་དམར་གྱི་འགག་ནས་བརྩམས་ཏེ་གཡབ་སྐོར་གྱི་ཚོན་རྩི། ས་ཆེན་ཕུག་དང་ཕག་མོ་ཕུག་གཉིས་ལ་རྗེ་ཉིད་དེ་དག་གི་སྐུ་བརྙན་རེ་ལས་མཆོད་རྒྱུན་སོགས་མེད་པར་ཉམས་གསོ་རྟེན་བཞེངས་མཆོད་རྒྱུན་ཕུལ་ཕྱིན་མཛད། འདི་ལོ་གཞུང་ས་ནས་ལྷ་ས་གཞུང་གི་མཆོད་གཞིས་རྣམས་ཀྱང་ཕྱག་འབྱོར་བྱུང་།
དགུང་གྲངས་ཉེར་དྲུག་ཏུ་ཕེབས་པར་ཁམས་ནས་བོ་ཚང་དབོན་པོ་ཀུན་དགའ་བསྟན་འཛིན་དཔོན་གཡོག་གསུང་ངག་རིན་པོ་ཆེ་ཞུ་བར་འབུལ་ཆེན་དང་བཅས་འབྱོར་བ་དང་མཉམ་དུ། བྱམས་པ་ངག་དབང་རྣམ་རྒྱལ། རྒྱལ་རྩེ་ཞབས་དྲུང་ངག་དབང་བསོད་ནམས་རྒྱལ་མཚན་སོགས་གཞིས་བྱེས་ཆོས་ཉན་སུམ་བརྒྱ་