R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༤༣༥
[A:༤༣༥]སྤྲོ་བའི་ངང་ནས་བཀའ་ཆོས་བཞེད་དོན་རྫོགས་པར་གནང་། འདི་ལོ་རྡོ་རྗེ་ཕུར་པའི་གོས་སྐུ་ཆེན་མོ་བཞེངས་པར་མཛད་པར་ཆོས་ལོངས་སྤྲུལ་གསུམ། བླ་སྐུ་ཁ་ཤས་སོགས་ནས་གཙོ་སྐུར་ཟིན་ཙམ་ལ་འཕྲོ་འཇོག་པར་མཛད། དེ་མཚམས་གཞུང་ནས་ཕེབས་ལམ་གྱི་གྲ་སྒྲིག་ཐོགས་མེད་གཞིས་རྩེ་རྫོང་ནས་དགོས་ཚུལ་གྱི་བཀའ་ཤོག་ཕེབས་པ་ལྟར། ལམ་གཏོར་མགོན་ཁང་ཉེ་འགྱངས་རྣམས་སུ་འཕྲིན་བཅོལ་རྒྱས་པ་སོགས་བསྒྲུབས་པར་མཛད་ནས་ཟླ་བ་བཅུ་པའི་ནང་ཡབ་སྲས་ལྷན་ཅིག་ཆིབས་བཏེག་རིམ་གྱིས་ཆུ་མིག་ཏུ་ངོར་གདན་ས་པ་དང་། བླ་བྲང་ཁག་རྣམས་ནས་ཕེབས་བསུ་དང་བཅས། ཚོང་འདུས་ཁྲི་ཁང་དུ་ཞ་ལུ་མཁན་ཆེན་གྱི་ཕྱག་མཛོད་པས་གཞི་ལན་གཟབ་མ་ཞུས་པར་བྱིན་རླབས་གནང་སྐྱེས་ཕུན་སུམ་ཚོགས་པ་སྩལ། རིན་སྤུངས་སུ་སྐྱེད་ཚལ་གོང་དཔོན་སློབ་རྣམས་མཇལ་ཕྱག་ཏུ་འབྱོར། རོང་བྱམས་ཆེན་ན་འགྲོ་མགོན་ཆོས་རྒྱལ་འཕགས་པའི་ཐུགས་དམ་མགོན་སྐུའི་བཞུགས་ཁྱིམ་ལ་གཞུང་སའི་དམ་འབྱར་འགྲོལ་བར་མཛད་ནས་མཇལ་ཏེ་སླར་རྗེ་ཉིད་ཀྱིས་ཕྱག་དམ་གནང་། ཆོས་སྡེའི་མཁན་པོའི་དཀར་སྤྲོ་དང་འབུལ་ཚན་ཞུས། གན་པ་བྱང་ཐང་དུ་ཞེ་རེ་སྐྱིད་ཚལ་བ། གོང་དཀར་སློབ་དཔོན་པ་གྲྭ་སློབ། བསམ་ཡས་མཁན་ཚང་རབ་འབྱམས་པ་རྣམས་ཀྱིས་མཇལ་ཞུས་ལ་སོ་སོའི་རེ་སྐོང་གི་བྱིན་