R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༤༣༨
[A:༤༣༨]བཞེས་ཏེ་སྤེལ་ཐུབ་པ་གནང་དགོས། ས་སྐྱ་ཞབས་དྲུང་རིན་པོ་ཆེ་གདན་ས་ན་གསུང་ངག་སློབ་བཤད་གནང་གིན་གདུག་ཟེར་བ་ཐོས་ན་ངེད་རང་ནས་ཀྱང་ཞབས་ཕྱི་གང་འགྱུར་ཞུ་རྒྱུ་ཡིན་གསུང་པ་སོགས་ལུགས་གཉིས་ནས་ཐུགས་ཡིད་གཅིག་འདྲེས་ཀྱི་འབེལ་མཆིད་ལྷུག་པར་གནང་། ཚེས་བཅོ་ལྔར་སྡེ་སྲིད་སྐུ་ཞབས་ནས་གསོལ་སྟོན་འབུལ་བ་ཕུལ་དུ་བྱུང་བ་དང་། རྣམ་རྒྱལ་གྲྭ་ཚང་ནས་ཀྱང་ཀླུ་སྦུག་གླིང་ཁར་གཟིམ་གུར་དུ་སྤྱན་དྲངས་ཏེ་གསོལ་སྟོན་འབུལ་བ་རྒྱ་ཆེན་ཞུས། ལྷ་སར་བཞུགས་རིང་ཆོས་རྗེ་བཅོ་བརྒྱད་པ་སོགས་བླ་ཆེན་མི་ཆེན་དམངས་ཕལ་བཅས་ལ་ཆོས་སྦྱིན་ཀྱང་རེ་སྐོང་དུ་སྩལ། བཅུ་དགུ་ལ་རྩེ་ཤོད་ཀྱིས་ཕེབས་བསུ་བ་རྣམས་ཆིབས་སྐྱེལ་བར་གནང་བ་ལྟར་ལྷན་ཅིག་ཆིབས་བཏེགས། སྐུ་འབུམ་ཐང་ནས་གསོལ་ཇའི་ཐོག་ཕེབས་སྐྱེལ་བ་རྣམས་ལ་བྱིན་རླབས་དང་དངོས་སྐྱེས་སྩལ་ཏེ་རྗེ་ཉིད་དཔོན་སློབ་རྣམས་རིམ་གྱིས་ཕེབས། ཕྱིན་ཉིན་ཟུང་མཁར་དང་། ཉེར་གཅིག་ཉིན་སྔ་དྲོ་བསམ་ཡས་ནས་རབ་བྱུང་མཁན་སློབ། མཁན་ཚང་རབ་འབྱམས་པ་སྐུ་རྟེན་པ་དཔོན་གཡོག སྡེ་པ་སྐྱི་ཤོད་པའི་དྲུང་འཁོར་མང་པོ་བཅས་པས་ཕེབས་བསུ་འབྱོར་བ་དང་ལྷན་ཅིག་དལ་ལ་གོང་ནས་རྡོ་མཆོད་ཕྲེང་བར་སྐུ་རྟེན་པར་ཆོས་སྐྱོང་ཕེབས་གྲབས་ཀྱིས་རིག་པ་མི་གནས་པར་ཉེ་ཚེ། རྗེ་ཉིད་ནས་ངེད་དང་ཆོས་སྐྱོང་མཇལ་བའི་