R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༤༣༩
[A:༤༣༩]ཐོག་མ་ཡིན་པས་ཟླ་བ་མར་ངོ་ལ་མི་ཡོང་གསུངས་ཕྲལ་གཞི་མེད་དུ་དངས། བསམ་ཡས་གཙུག་ལག་ཁང་དང་ཉེ་བར་ཕེབས་ཚེ་སྔོན་སྒར་ཆེན་རིན་པོ་ཆེས་བཞེངས་པའི་འཆམས་མགོན་བྱིན་ལྡན། རབ་བྱུང་གྲྭ་ཚང་གི་གསེར་ཕྲེང་། སྐྱེ་བོ་ཕོ་མོས་གཞས་གླུ་བཅས་ཕོ་བྲང་གོང་དུ་ཕེབས། ཟླ་སྨད་དེར་ཡུལ་ཕྱོགས་ཀྱི་སེར་སྐྱ་དད་འདུས་དུ་མར་དབང་ལུང་ཆོས་བཀའ་འཇལ་ཁ་གང་འཚམས་གནང་། ཡར་ལུང་རྗེ་དབོན་དྲུང་འདི་ནས་བཟུང་སྟེ་གོང་དཀར་བར་ཞབས་ཕྱིར་ཕེབས་ནས་བཀའ་ཆོས་གསན། ཟླ་མཇུག་ཏུ་རྗེ་ཡབ་སྲས་དབུ་བཞུགས་ཀྱི་བསམ་ཡས་རབ་བྱུང་མཁན་པོས་ཟོར་ལས་པ་བྱས་ཏེ་དཔོན་སློབ་ལྔ་བཅུ་བསྐོར་གྱིས་དམིགས་ཡུལ་ཞིག་ལ་ཆེད་གཏད་ཀྱི་མགོན་པོ་དྲུག་ཅུ་པའི་གཏོར་བཟློག་འཕེན་པར་མཛད། ནུབ་མེ་འབར་བ་དང་དུར་ཁྲོད་བདག་པོ་ཀེང་རུས་གཟུགས་ཅན་ལྟད་མོ་བས་མཐུན་སྣང་དུ་མཐོང་བ་སོགས་མངོན་སྤྱོད་ཀྱི་རྟགས་མཚན་ངོ་མཚར་བ་བཞིན་དམིགས་ཡུལ་དེ་ཡང་མ་འགྱང་པར་ཕ་རོལ་གྱི་ལྟད་མོར་སོང་བའི་བསྔོ་རྟེན་འབྱོར་བས་ཚར་གཅོད་རྗེས་འཛིན་ལྷན་ཅིག་གྲུབ་པར་མཛད། ཧོར་ཟླ་བཅུ་གཉིས་པའི་ཡར་ཚེས་གཉིས་ཀྱི་ཉིན་རྗེ་ཡབ་སྲས་དཔོན་སློབ་ཀྱིས་ལྕོག་གི་རྩེར་ལྷ་བསངས་རྒྱས་པར་གནང་། དཀར་མེ་ཁང་དུ་ཕེབས་ཏེ་མཁན་ཚང་དཔོན་སློབ་རྣམས་ཀྱིས་ཆོས་སྐྱོང་སྤྱན་འདྲེན་