[A:༤༤༠]ཞུས་པར་འཕྲལ་ཕེབས་ཀྱིས་རྗེ་ཡབ་སྲས་རྒྱལ་སྒོ་བྱང་ནས་ཕེབས་པ་དང་། ཆོས་སྐྱོང་ཆེན་པོ་ཡང་རིང་སྟབས་ཀྱིས་རྡོ་སྐས་རྩ་བར་ཕེབས་བསུ་འབྱོར་ནས་རྗེ་ཡབ་སྲས་ལ་གཡས་བསྐོར་དང་བཅས་ལྷ་མི་ལྷན་ཅིག་རྡོ་སྐས་འགོར་ཕེབས་པ་དང་། ཆོས་སྐྱོང་ཆེན་པོས་ས་དཀར་པོའི་ཡུལ་གྱིས་བསྟན་པ་དར་བའི་ཕྱིར་ལྷ་རྒྱལ་ཐེངས་གསུམ་འཐེན་གསུངས་པ་བཞིན། དེར་འདུས་ཁྲོམ་གྱིས་ལྷ་རྒྱལ་འུར་ཆིལ་བ་ལན་གསུམ་འཐེན། དེ་མཚམས་སྤྲུལ་པའི་ཆོས་རྒྱལ་ཆེན་པོ་ཡང་སྐུ་ཕེབས་ཀྱིས་རྡོ་སྐས་ཁར་ཕེབས་བསུར་བྱོན་པ་དང་། སྔོན་བཞིན་ལྷ་རྒྱལ་བསྐུལ་བ་སོགས་མཛད། རྗེ་ཡབ་སྲས་ནས་ཀྱང་སྒྲོན་དར་སྣ་ལྔ། གསེར་ཕུད་སྲང་གང་། ཆིབས་པ་སྒ་འཁོར་སོགས་མཐུན་རྫས་རྣམ་གྲངས་བཅོ་ལྔ་ཙམ་ཕུལ། ཆོས་སྐྱོང་ཆེན་པོ་ནས་ཀྱང་ཕེབ་ལམ་བསྐོར་སོགས་གང་ཅིར་ཕུན་སུམ་ཚོགས་བཞིན་པ་ནས་བསམ་ཡས་སུ་ཕེབས་པ་ལེགས་པ་ལེགས་ཚུལ་དང་གདུག་འདྲེའི་གནས་གཞི་འདི་ངོ་དོད་པ་གཅིག་དང་། རྒྱལ་པོསྐུ་ལྔའི་རྟེན་འཛུགས་གཅིག་བྱུང་ན་བོད་ཁམས་ཀྱི་བདེ་སྐྱིད་ལ་ཕན་པ་ཡོད་བྱས་པ་ཡིན་ཀྱང་། ད་བར་འགྱངས་ཤིང་། འོན་ཀྱང་ད་ཆ་དང་ལེན་དགོས་ཚུལ་སོགས་གསུངས་པར་རྗེ་ཉིད་ནས་ཀྱང་ཞལ་བཞེས་མཛད། སླར་ཡང་ཚེས་བརྒྱད་ལ་སྐུ་ཕེབས་ཐོག་སྔ་ཕྱིའི་འཕྲོས་དུ་མ་དང་བཅས་བསམ་ཡས་གཙུག་ལག་ཁང་གཙོ་ཕལ་ལ་