[A:༤༤༡]རྒྱུད་སྡེ་དང་མཐུན་པའི་རབ་གནས་མཛད་དགོས་གསུངས་པ་བཞིན། ཕྱི་ཉིན་རྟེན་མཇལ་དང་ལྷན་ཅིག་མཆོད་སྤྲིན་དུ་མ་སྤྲོ་བ་དང་བཅས་པས་ལྷ་ཁང་ཐམས་ཅད་ལ་རབ་ཏུ་གནས་པ་ཡང་གནང་། མཁན་པོ་བོ་དྷི་ས་ཏྭའི་བཞུགས་ཁྲིའི་ཐོག་ནས་ཁྲོམ་ཚོགས་ཤིན་ཏུ་ཆེ་བར་ཚེ་དབང་གྲུབ་རྒྱལ་མ་དང་། རིགས་གསུམ་མགོན་པོའི་རྗེས་གནང་སྩལ། དེ་ཐོག་རབ་བྱུང་གྲྭ་ཚང་དང་འཕྲང་འགོ་ཞི་བ་གྲྭ་ཚང་རྣམས་ནས་ཡོ་བྱད་ཀྱི་འབུལ་དངོས་ཆེ་ཕྲ་རང་འཁོས་དང་བསྟུན་ཞབས་བརྟན་ཟབ་རྒྱས་ཕུལ། ཚེས་བཅོ་ལྔར་ཡང་ཆོས་སྐྱོང་ཆེན་པོ་སྐུ་ཕེབས་ཀྱིས་ལྕོག་གི་ཉམས་གསོ་དགོས་ཚུལ་སོགས་བསྐྱར་ཞུས་དང་། ཆོས་སྐྱོང་ཆེན་པོ་ནས་འབུལ་བ་དགུ་ཚན་བཅུ་གསུམ་ཙམ་ཕུལ་ནས་བཞེས་པ་ནན་ཞུས་ཕུལ་ཡང་། བསོད་བཏགས་གཅིག་དང་གསོལ་དཀར་གཅིག་མ་གཏོགས་ལྕོག་རང་དུ་འཇོག་པར་གནང་། གཞན་ཡང་མགོན་ཁང་ཕུ་མདའ་གཏོར་གཞི་འཛུགས་པ་དང་རབ་བྱུང་གྲྭ་ཚང་ལ་མང་འགྱེད་ཐོག་སྒྲིགས་ལམ་ཀུན་སྤྱོད་ཀྱི་ཞལ་བཀོད་བརྗིད་འདོམས་ཆེ་བ་ཕེབས། རྡོ་རྗེ་བྲག་རིག་འཛིན་ཆེན་པོ་དཔོན་སློབ་དད་མཇལ་ཆོས་ཞུར་བྱོན་པར་ཐུགས་བཞེད་འགྲུབ་པར་གནང་། ཉེར་གཉིས་ལ་ཆིབས་བཏེག་ཏེ་དེ་སྐབས་དགུན་གྲང་ངད་ཆེ་བའི་སྟབས་ཀྱིས་ཕྱི་དྲོ་གྲུ་སྒྲོལ་བ་སོགས་དཀའ་བར་བརྟེན། དེ་ནུབ་