R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༤༤༧
[A:༤༤༧]མོས་ཟོར་ལས་བྱས་ཏེ་འཇིགས་བྱེད་དྲུག་ཅུ་པའི་གཏོར་བཟློག་ཉིན་གང་ཞིག་ཀྱང་གནང་། སྔ་ཕྱིར་ནན་ཞུས་ངོར་རྡོ་རྗེ་འཆང་གི་བཞུགས་ཁྲིའི་ཐོག་ནས་རྗེ་ཉིད་ཀྱིས་འདུས་ཚོགས་ལ་བླ་མའི་རྣལ་འབྱོར་གྱི་བྱིན་རླབས་དང་། གནས་བཅུའི་རྗེས་གནང་། ཕྱིའི་ཆོས་ཁྲིའི་སྟེང་ནས་ཁྲོམ་ལ་ཚེ་དབང་། ཤབ་དགེ་སྡིངས་སུའང་དེ་བཞིན་ཏེ། དེ་ལྟར་གདན་ས་ནས་ཆིབས་བཏེགས་ནས་བཟུང་ཡས་མར་ཕེབས་ལམ་རིས་མེད་ཀྱི་ཆོས་སྡེ་སྐྱེད་ཚལ་གོང་འོག ཇོ་གདན། བྱམས་ཆེན་གྲྭ་ཚང་ཁག་གཉིས། ངུར་སྨྲིག ལྷ་ས་ནས་རྣམ་རྒྱལ་གྲྭ་ཚང་། སེར་འབྲས། ཚལ་གུང་ཐང་། བསམ་ཡས་རབ་བྱུང་གྲྭ་ཚང་། གྲྭ་ཕྱི། གྲ་ཐང་། གདུང་ཕུད་ཆོས་འཁོར། སྐྱིད་གཤོང་ར་བ་སྨད། དྭགས་པོ་གྲྭ་ཚང་། གོང་དཀར་རྡོ་རྗེ་གདན། རྒྱལ་རྩེ་དཔལ་འཁོར་ཆོས་སྡེ། བརྩེ་ཆེན། ཞ་ལུ། ངོར་ཨེ་ཝཾ། ཌ་ཌི་ཆོས་རྫོང་རྣམས་གཙོར་སྨོས་ལ་མང་འགྱེད་རྒྱ་ཆེར་གནང་བ་དང་། ཆུ་མིག་གཙུག་ལག་ཁང་། བྱམས་ཆེན་མགོན་ཁང་། ངུར་སྨྲིག་ལྷ་ཁང་དང་ས་ཆེན་ཞབས་རྗེས། སྙེ་ཐང་ཇོ་རྗེའི་གནས་བཞིའི་གཙུག་ལག་ཁང་། ཆོས་རྗེ་བླ་མའི་ཕྱི་རྟེན་ཇོ་བོའི་གདུང་ཐལ་གྱི་སྐུ་འབུམ། བཀྲ་ཤིས་སྒང་མཁན་ཆེན་གྲགས་སེང་གེ་ཆོས་ཁྲི། འཕགས་སྡེའི་ནང་རྟེན། ལྷ་སའི་ཇོ་ཤཱཀ་རིན་པོ་ཆེ་རྣམ་གཉིས་ཀྱི་གཙོས་པའི་རྟེན་མཆོག་མཐའ་དག་