[A:༤༤༨]པོ་ཏ་ལའི་ནང་མཇལ་གྱི་རིགས། ཚལ་གུང་ཐང་གི་ཕྱི་ནང་གི་རྟེན་རྣམས། བསམ་ཡས་གཙུག་ལག་ཁང་། གྲ་ཕྱི། གྲ་ཐང་། གོང་དཀར་རྡོ་རྗེ་གདན། ཐོང་ལྕགས་མགོན་ཁང། གནས་གསར་ཞ་ལུ། ངོར་ཨེ་ཝཾ་ཆོས་ལྡན་རྣམས་ཀྱི་རྟེན་གསུམ་གྲགས་ཆེན་བྱིན་རྟེན་སོགས་ཀྱིས་གཙོས་ཕྱི་ནང་གི་རྟེན་རྣམས་ལ་སྙན་ཤལ་མཆོད་སྤྲིན་དང་བཅས་བསྟན་འགྲོ་སྤྱིའི་ཕན་བདེར་དགོངས་པའི་གསུང་སྨོན་ཕུར་ཚུགས་གནང་། ནང་དོན་གྱི་བཏབ་པའི་སྐྱེ་བོ་མང་པོ་ལ་ཞལ་མཇལ་ཕྱག་དབང་ཙམ་གྱིས་བར་གཅོད་འཕྲལ་སེལ་མཛད། སྐལ་ལྡན་གྱི་སྐྱེ་འགྲོ་བགྲངས་ལས་འདས་པ་ཐར་པའི་ལམ་སྲོལ་ལ་བཀོད་ནས་སླར་ཡང་གདན་སར་ཕེབས། ལྷ་ཁང་མཁན་ཆེན་སོགས་ཕེབས་བསུ་བ་ལས་འཛིན་རྣམས་ལ་གནང་སྐྱེས་དང་། འདུས་ཚོགས་ལ་མང་འགྱེད། མགོན་ཁང་རྣམས་སུ་གཏང་རག་སོགས་རྒྱ་ཆེར་གནང་།
དགུང་གྲངས་སོ་བརྒྱད་པ་ཤིང་ཡོས་ཟླ་བ་གསུམ་པ་ཚེས་ནས་སྔར་ལྗགས་བཀོད་ཀྱི་འཕྲོས་གོས་སྐུ་ཆེན་མོ་དང་། གནས་བཅུ་ལྷ་ཁང་གི་ལྡེབས་རིས་སོགས་ལས་མགོ་བཙུགས་ནས་མི་རིང་བར་གྲུབ་སྟེ་རབ་ཏུ་གནས་པར་མཛད། དེ་ནས་རྒྱལ་དབང་མཆོག་ནས་སྔ་སོར་དངོས་མཇལ་སྐབས་གསུང་བསྐུལ་བཞིིན་ཆབ་ཆུ་བཟང་ཁྱད་ཀྱི་ཞ་ལུ་མཁན་ཆེན་གདན་ས་བར་དུ་གདན་དྲངས་