R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༤༤༩
[A:༤༤༩]ནས་བཀའ་ཆོས་གསན་པ་འཐད་ཚུལ་དང་། གདན་སའི་མགོན་ཁང་ཉེ་འགྱངས་རྣམས་སུ་སྐྱེས་ཆེན་དམ་པ་དག་ཆོས་གསུང་གསན་ལ་གེགས་འཚེ་མེད་པའི་འཕྲིན་བཅོལ་ཅན་གྱི་སྙན་ཤལ་སོགས་དང་ལྷན་ཅིག་རྗེ་འདི་ཉིད་ལ་གསུང་ཤོག་གནང་བར། གངྒཱའི་རྡུལ་སྙེད་ལས་འདས་རྒྱལ་རྣམས་ཀྱི། །ཡོན་ཏན་ཐུགས་བསྐྱེད་དྲོད་ཀྱིས་རིགས་ཀུན་བདག། །གསེར་སྒོང་ཡོངས་སྨིན་སྡེེ་བཞིའི་ཞལ་སྒོ་ཅན། །ཆོས་ཕུང་རྒྱ་མཚོའི་འབྱུང་གནས་མེས་པོ་ཆེར། །ཞེས་རྒྱལ་བ་ཐམས་ཅད་ཀྱི་ཡོན་ཏན་གཅིག་ཏུ་བསྡུས་པ་ལས་རྗེ་འདི་བྱུང་བ་དམ་ཆོས་ཀྱི་འབྱུང་གནས་ཡིན་པ་དཔེ་ཅན་དང་། གསེར་གྱི་སྒོ་ང་ལས་ཚངས་པ་སྐྱེས་པ་ཆུ་བོ་གངྒཱའི་འབྱུང་གནས་དཔེར་བཀོད་དེ་ལྡན་པའི་གཟུགས་ཅན་གྱི་རྒྱན་དུ་མཛད་པ་དང་། ཉེ་བའི་ཆར་ཡང་ལྷ་སྔགས་ཡེ་ཤེས་ཀྱི། །གསང་གསུམ་མི་ཟད་རྒྱན་གྱི་འཁོར་ལོའི་གར། །འཛམ་གླིང་སྐྱེ་དགུའི་བསོད་ནམས་མཆོད་སྡེ་དུང་། །བསྒྱུར་འདི་ཡིད་ཀྱི་ཀུན་དགའ་བསྐྱེད་པའི་གསོས། །ཞེས་ངེས་པ་ལྔ་ལྡན་གྱི་ཞིང་དུ་སྐུ་ལྷ་གསུང་སྔགས། ཐུགས་ཡེ་ཤེས་ཀྱི་རང་བཞིན་མི་ཟད་པ་རྒྱན་གྱི་འཁོར་ལོར་བཞུགས་པའི་སྤྲུལ་པའི་སྣང་བརྙན་རྗེ་འདི་ཉིད་ཀྱི་རྣམ་པར་ཤར་བ་བསམ་པ་རྒྱ་ཆེ་བའི་རྒྱན།