R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༤༥༥
[A:༤༥༥]གནང་བྱིན་རླབས་ལྗགས་ལུང་དུ་མ་རེ་སྐོང་དུ་བསྩལ། དེ་མཚམས་གསུང་ངག་གསན་ལྷག་མཁན་ཆེན་ནས་གནང་མ་ཐུབ་སྟབས་ཀ་སྤེ་རྗེ་དྲུང་ངག་དབང་བསྟན་པ་རབ་རྒྱས་གྲངས་ཆེན་གདན་ས་དགོངས་ཞུས་དང་། གསུང་ངག་སློབ་བཤད་ཀྱང་དེ་ནས་གསན་ན་འོས་མིན་སོགས་ལ་རྒྱལ་དབང་སྐུ་ཞབས་སུ་ཞུ་ཤོག་གནང་བའི་བཀའ་ལན་སྔ་ཕྱིར། སྔ་སོར་གདན་ས་བར་དུ་བཀའ་ཆོས་ཚུགས་པ་མཐར་ཕྱིན་བྱུང་ན་ལེགས་ཚོགས་ཆེ་རུང་ཆོས་མཚམས་གནང་དགོས་ཤར་བར། གྲྭ་ཆེན་མཁན་པོ་ཁུར་ལེན་དགོངས་ཁྲོལ་ཡོང་བ་དང་བསྟུན་རྗེ་ཉིད་ནས་སློབ་བཤད་ཁ་གཙང་ཞིག་ཀྱང་གསན་རྒྱུ་མཛད་ན་མི་འོས་པ་མེད་ཅིང་། སླར་མཁན་ཆེན་ནས་ཀྱང་བསྐྱར་མ་གསན་ཐུབ་པ་ཨེ་ཡོང་སོགས་ཕེབས་པ་འབྱོར་འཕྲལ་དགྱེས་ཚོར་དང་བཅས་ཐུགས་ལ་ཤིན་ཏུ་བཅགས་ཀྱང་། ལྷ་བོད་ཀྱིས་འདུན་འཆིང་ལ་སྐུ་ཚབ་རང་གིས་འཆིང་མི་ཐུབ་དོགས་དང་། བསམ་ཡས་ལྕོག་གི་རྟེན་འཛུགས་སོགས་འགྱང་དགོས་ཀྱིས་ཆོས་སྐྱོང་ཆེན་པོར་གང་སྤྱིའི་གསོལ་མཆོད་འབུལ་མི་གནང་བའི་ལན་དུ། དགེ་བཤེས་རང་གི་ལས་ཀྱི་སྐལ་བ་བྱེད་དགོས་ལ། ཕྱི་ནང་གསང་གསུམ་གྱི་རྟེན་རྫས་ཀྱི་བྱེ་བྲག་དང་། སྐུ་ལྔ་འཁོར་བཅས་ཀྱི་རྒྱུད་གཞུང་བྱེ་བྲག་དང་མཐུན་པའི་ཡིད་ལུས་ཀྱི་གཟུགས་རི་མོར་འཁོད་པ། ཧོར་ཟླ་གསུམ་པའི་ལྷ་