[A:༤༥༧]ལས་མི་ནས་རྗེ་ཉིད་ལ་ཞིག་གསོས་འཛུགས་ཁར་འཐོར་རྒྱུའི་ཕྱག་ནས་ཤིག་ཞུས་པ་གནང་སྟེ། ས་བཤིག་རལ་བྱེད་རྒྱུའི་སྔ་ཉིན་ཐོར་ཅིག་པར་བཀའ་སྩལ་བ་བཞིན་བྱས་པས་དེ་ནུབ་ཚེག་སྒྲ་འུར་ཆོམ་སོགས་སྐྱེལ་བྱེད་པའི་རྣམ་པ་འཚུབ་ཆེར་བྱུང་བས། ཕྱི་ཉིན་ཐམས་ཅད་འཇིགས་ཤིང་བཤིག་ཕྲལ་གྱི་སྣ་བསྟད་བྱེད་ནུས་མཁན་མ་བྱུང་བ་ལ། ཟུང་མཁར་བར་པ་ཞིག་གིས་ལས་སྣེ་གཏོད་པ་བཅས་མཐར་ཕྱིན་གྱིས་བར་དུ་ཨར་མི་འགོ་པ་གཅིག་ལའང་ཉེས་སྐྱོན་མ་བྱུང་ནི་སྔ་སོར་ཞལ་བཞེས་དམ་བཅའ་ཕུལ་བ་བཞིན་གནས།
དགུང་གྲངས་སོ་དགུ་པར་ལྷོ་བོད་མཚམས་སུ་ཟིང་བུན་ཆེ་ཙམ་བྱུང་བར་རྒྱལ་དབང་སྐུ་ཞབས་སུ་གཡུལ་འཁྲུགས་སོགས་བཤོལ་བའི་བཀའ་སྡེ་སྲིད་ལ་ཕེབས་དགོས་ཚུལ་དང་། སྡེ་སྲིད་ལའང་དེ་བཞིན་འབུལ་བར་མཛད་པར་སྐུ་ཞབས་རྩེ་ནས་བཀའ་ལན་དུ་ཕན་ཚུན་གཉིས་ལོའི་ཆིངས་མཚམས་བྱུང་ན་སྡེ་པར་ཡང་མཐའ་སྐྱེལ་དུ་མ་སོང་བ་དགོས་ཚུལ་འདི་ནས་ཀྱང་འཕྲོས་པ་བྱེད་ཅིང་། བར་བཞུགས་ཁག་ནས་ཀྱང་སེམས་ཅན་གྱི་བདེ་ཐབས་ལ་དགོངས་པའི་ཕན་སྐོར་ཐབས་སྒོ་གང་ཟབ་གནང་དགོས་ཚུལ་སོགས་ཕེབས། དེ་སྐབས་དབུས་དཔུང་གླིང་བཞི་བརྒྱུད་ནས་བརྫངས། གཙང་དཔུང་གིས་ས་དཀར་ལ་དང་སྤྲེ་མོ་ལ་བརྒྱུད།