[A:༤༥༨]དཔུང་ཁག་གཉིས་མཚོ་སྣ་དང་བུམ་ཐང་སོགས་བརྒྱུད་པས་འཆིངས་ཁག་རྣམས་བྱ་བྱེད་དང་བྲལ་བར་གྱུར། སྐྱེ་འགྲོ་ཀུན་གྱིས་ཀྱང་ཆིངས་མཚམས་འདིར་ས་སྐྱ་བདག་ཆེན་རིན་པོ་ཆེ་ཕེབས་མ་ཐུབ་ན་སེམས་ཅན་གྱི་བདེ་སྐྱིད་ཟད་པ་ཡིན་ཞེས་མགྲིན་གཅིག་ཏུ་གླེང་བ་དང་། རྗེ་ཉིད་ཀྱི་ཀྱང་ཐུགས་རྗེ་གཏིང་ནས་གཡོས་པས་ཕེབས་པར་བཞེད་དེ་བསམ་ཡས་མདོ་སྡེ་མཆོད་འབུལ་དང་ལྷན་ཅིག་ཆོས་སྐྱོང་ཆེན་པོར་ཡང་ལུང་ཞུ་དང་འཕྲིན་བཅོལ་གནང་བའི་བཀའ་ལན་དུ། ནག་པོ་བདུད་ཀྱིས་ཁ་བསྒྱུར་བའི་གཟུགས་ཅན་རེ་འགས་སེམས་ཅན་གྱི་བདེ་སྐྱིད་འདི་དཀྲུག་འདུག་པས་གདུག་འདྲེས་དེ་དག་ལ་ལྔ་སོར་ནས་ཁ་གནོན་རེ་བྱེད་ཀྱིན་ཡོད་པས། དགེ་བཤེས་ཀྱི་རེ་བ་ལྟར་སེམས་ཅན་སྨིན་གྲོལ་གྱི་ལམ་དུ་འགོད་པའི་སྡོང་གྲོགས་འབད་རྩོལ་བྱེད་ཅེས་ཕེབས་པ་དང་བསྟུན། ལམ་གཏོར་མགོན་ཁང་རྣམས་སུ་གསུང་བསྐང་འཕྲིན་བཅོལ་གནང་ཞིང་། ར་བ་སྨད་ཆོས་སྐྱོང་ལའང་འཕྲིན་བཅོལ་རྟེན་གནང་བར་ཡང་གཞིས་བྱེས་སུ་གེགས་འཚེ་མི་འབྱུང་བའི་ལུང་གསལ་འབྱོར་བ་བཞིན་ཟླ་བ་བཅུ་པར་ཆིབས་བཏེག ལམ་བར་གྱི་གདུལ་བྱ་དུ་མ་སྨིན་གྲོལ་ལ་འགོད་བཞིན་པས་ཕག་རིར་ཕེབས་མཚམས་བཀྲ་ཤིས་ལྷུན་པོ་དང་སྟག་བདེ་ཞབས་དྲུང་གཉིས་སོགས་ཆིངས་ཁག་བཞན་ཡང་འཛོམས་པ་ནས་སྤྲེ་མོ་ལ་ཕར་རྒྱབ་ཀྱི་ཤོ་སྨུག་ཏུ་