[A:༤༥༩]བཞུགས་སྒར་གནང་། དེ་མཚམས་རྩེ་གདོང་ཞབས་དྲུང་ཡང་ཕེབས་པས་ཐམས་ཅད་བཀའ་འགྲོས་ཐོག་ནས་ཕན་སྐོར་གང་དྲག་དང་ཁྱད་པར་རྗེ་ཉིད་ནས་སེམས་ཅན་སྤྱིའི་བདེ་ཐབས་ལ་འོ་བརྒྱལ་ཁྱད་བསད་ཀྱིས་རོང་ལ་འབྱོན་ཐེངས་བཅུ་གཅིག་ཙམ་མཛད་ཀྱང་དམག་དཔོན་རྣམས་ཁ་ཤིན་ཏུ་མཁྲང་བས་ཡུན་རིང་བྱུང་མཚམས། དཀྲུག་རྐྱེན་གཏོར་ཤིང་བྱེད་མི་རྣམས་ལ་རྡོ་རྗེའི་ཆོས་སྲུང་རྣམས་ཀྱི་བཀའ་ཆད་རྟགས་མཚན་ཆོ་འཕྲུལ་སྣ་ཚོགས་བྱུང་བ་དང་། བསམ་ཡས་ཆོས་སྐྱོང་ཆེན་པོ་ནས་ཀྱང་བཞེད་དོན་འགྲུབ་འགྱུར་གྱི་ལུང་བསྟན་དང་། ར་བ་སྨད་བསེ་ཁྲབ་ཅན་ནས་ཀྱང་ལོག་ལྟ་ཅན་ཀུན་ལ་ལ་ནི་ས་བདག་གི་ནད་ཀྱིས་བཏབ་སྟེ་རྒྱུན་བཅད་ཡོད། ལ་ལ་ནི་མཁའ་དབྱིངས་ནས་ཁྲོམ་མདའ་ལྷ་མ་ཡིན་གྱིས་ལྕགས་ཞུ་བཏབ་ནས་གུམ་པར་བགྱིས་ཡོད། ལ་ལ་ནི་རྒྱལ་པོའི་སྨྱོ་འབོག་གིས་བྱིངས་ཏེ་གནས་དོག་མོར་བཅུག་ནས་བཞག་པ་དེ་ཀུན་ས་དཀར་པོའི་སྟེང་གི་དགེ་བཤེས་འཇམ་པའི་རྡོ་རྗེས་གཟིགས་ཤིང་གསན་པ་དེ་བཞིན་ལེགས་མོད་ཅེས་སོགས་བྱུང་བ་བཞིིན་བཞེད་དོན་མི་རིང་བར་འགྲུབ་པའི་རྟེན་འབྲེལ་དུ་མ་འགྲིག་པ་ནས། སྦྲུལ་ལོ་ཟླ་བ་དགུ་པའི་ནང་རྒྱལ་དབང་སྐུ་ཞབས་སུ་བསླབ་སྟོན་ཞུ་བར་ཆིབས་བསྒྱུར་གནང་ནས་གན་པ་བྱང་ཐང་བར་ཕེབས་ཐོག གཞུང་ས་ནས་ཞབས་འགྱེལ་ཞུས་བསྟུན་ཆིངས་