[A:༤༦༡]ཞིང། ཁྲོམ་ཚོགས་ནས་ཀྱང་བཛྲ་གུ་རུ་དང་མ་ཎི་འདྲེན་པ་སྲོག་གཅོད་རྐུ་ཇག་སྤོང་བ་སོགས་ཀྱི་དམ་བཅའ་ཕུལ། དེ་ལྟར་ལྷོ་བོད་དུ་ཟླ་བ་བཅོ་བརྒྱད་ཙམ་གྱི་རིང་ལ་གཞན་ཕན་ཐུགས་རྗེའི་ཤུགས་ཀྱིས་དཀའ་བ་དང་བཞེས་མཛད་ཅིང་གདུལ་བྱ་རྣམས་ཡིད་དྲངས་པའི་ཕྱིར་རྫུ་འཕྲུལ་གྱི་བཀོད་པ་ཡང་མང་དུ་སྟོན་པར་མཛད། ཆིངས་ཁག་གཞན་རྣམས་བྱེར་རྗེས་མོན་ཕྱོགས་ཀྱི་སྤྲོད་ལན་ཕྲལ་ཆོད་མ་བྱུང་བར་རྗེ་ཉིད་དཔོན་སློབ་རྣམས་ཕག་རིར་བཞུགས། དེ་སྐབས་ཀྱང་གདུལ་བྱ་དཔག་མེད་ལ་ཆོས་སྦྱིན་གནང་། དེ་མཚམས་ཆིབས་བཏེག་པའི་ན་རིང་རྫོང་ཆུང་ངུ་དབང་ཆེན་ཞིག་བསྩལ། ཐུབ་བསྟན་རིན་ཆེན་གླིང་དུ་གཙུག་ལག་ཁང་དང་མགོན་ཁང་རྣམས་ལ་མཆོད་ཚོགས་རྒྱ་ཆེར་མཛད་སྐབས་མགོན་ཁང་གི་ཏྲག་ཤད་ཡབ་ཡུམ་གྱིས་ཞལ་འབག་རྗེ་འདིའི་ཕྱག་ཏུ་བཞེས་པར་སྤྱན་མཚམས་ནས་དངུལ་ཆུ་ལྟ་བུའི་བདུད་རྩི་ཐིག་ལ་ཁད་མང་པོ་བྱུང་གསུང་བསྐང་འཕྲིན་བཅོལ་སོགས་རྒྱས་པར་སྩལ། རྨ་བྱ། ལྷ་གདོང་། བདུད་ཕོ་བྲག་སྒྲུབ་སྡེ་རྣམས་སུ་ཕེབས། བྲག་པོ་ཆེ་མགོན་ཁང་དུ་གཏོར་མ་ལ་བྱི་བས་གནོད་པ་བྱུང་ཚུལ་རྗེ་ཉིད་ལ་ཞུས་པས། དེར་སྔགས་འཆང་གྲགས་པ་བློ་གྲོས་ཀྱི་ཐུགས་དམ་མའི་གུར་མགོན་གྱི་སྐུ་ཞིག་ཡོད་པ་དེ་ཁའི་ཕུ་མདར་འཕོ་སྐྱེས་བྱས་སྐྱོན་ཡིན་པས་ད་ཕྱིན་བསྒུལ་བསྐྱོད་མ་བྱེད་གསུངས་པ་བཞིན་