R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༤༦༢
[A:༤༦༢]བྱས་པ་དེ་ཕྱིན་བྱི་བའི་གནོད་པ་གཏན་མ་བྱུང་། དེ་ལྟར་སྦྱིན་པ་རྣམ་བཞིའི་ལུས་ཅན་མཐའ་དག་ལ་ཕྲལ་དང་ཡུན་གྱི་ཕན་བདེའི་སྒོ་བརྒྱ་ཕྱེ་བར་མཛད་ནས། ཟླ་བ་བཞི་པའི་ཚེས་གཅིག་ལ་རིགས་སྲས་འཇམ་པའི་དབྱངས་འཁོར་བཅས་བྱ་སྤེ་ན་ཁར་ཆིབས་བསུར་ཕེབས་པས་མཚོན་ཕེབས་བསུའི་བཀོད་པ་ཉེ་འགྱངས་ངོ་མཚར་བ་དང་བཅས་གདན་ས་ཆེན་པོར་ཕྱག་ཕེབས། ཆོས་སྡེར་མང་ཇ་དང་གཞན་པ་རྣམས་ལ་གནང་སྦྱིན། མགོན་ཁང་ཉེ་འགྱངས་རྣམས་སུ་བཏང་རག་ཕུན་སུམ་ཚོགས་པ་མཛད། སྔོན་དུས་རྣམས་སུའང་ལྷོ་བོད་ཀྱི་ཆིངས་འདུམ་ལ་གདན་སའི་ཞལ་ངོ་ཕེབས་རེས་རྣམས་སུ་དཀར་ཕྱོགས་ཀྱིལྷ་དང་ནག་ཕྱོགས་ཀྱི་བདུད་སྟོབས་འགྲན་པའི་སྟབས་ཀྱིས་སྐུ་རྐྱེན་འགྱུར་བའི་རྣམ་པ་ཕལ་ཆེར་འབྱུ་ང་སྟབས། འདི་སྐབས་ཀྱང་ལྷ་ཁང་མཁན་ཆེན་བྱམས་པ་བསོད་ནམས་བཀྲ་ཤིས་སྐུ་ཁམས་ཤིན་ཏུ་ལོག་པར་བྱུང་བས། རྗེ་ཉིད་ནས་ཅག་ཐོན་དགོས་ཚུལ་ཕེབས་པར་ཞུ་ངག་ཏུ་ཁ་སང་ཀ་སྤེ་རྗེ་དྲུང་ནས་བདག་གི་ནད་ཟོ་གཟིགས་པས་ཅག་ཐོན་དགོས་པའི་བསླབ་སྟོན་གནང་བྱུང་ཡང་། བདག་གི་གོང་མ་རིན་པོ་ཆེ་མ་ཕེབས་བར་དུ་བདག་འཆི་མི་འོང་ཞུས་པ་ཁ་ཕོ་དོན་ལ་གནས་པ་བྱུང་། ད་བདག་ལ་མི་འོང་རེ་མི་འདུག་ཀྱང་རྗེ་ཉིད་བཞེད་དོན་གྲུབ་ནས་ཕེབས་པས་བློ་བདེ། བདག་མ་ཤི་བར་དུ་