R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༤༦༩
[A:༤༦༩]དེར་ཡང་རབ་གནས་ཉིན་གསུམ་མ་རྒྱས་པར་གནང་། བཀྲ་ཤིས་ཆོས་སྡེ་ནས་གདན་འདྲེན་ཞུས་པར་འབྱོན་བཞེད་ཤར་ཡང་ཆོས་སྡེར་ཕེབས་སྟབས་མ་བདེ་བས་གྲྭ་ཚང་གི་ཞབས་བརྟན་དང་སྦྲེལ་བའི་འབུལ་དངོས་རྒྱ་ཆེན་ཕུལ། ཁྲ་འབྲུག་ནས་ཕེབས་ཁར་ཁ་སང་ནས་འདིར་སྔོད་རིང་ལ་བླ་མ་དམ་པ་བསོད་ནམས་རྒྱལ་མཚན་གྱིས་སྐུ་ཞིག་འོང་བསམ་པ་བྱུང་ཡང་དེ་སྔ་མ་བྱུང་། ད་དེ་རིང་ནི་མི་ཡོང་ངམ་གསུང་བྱུང་བ་དང་། ཆིབས་སྐྱེལ་བ་རྣམས་ལ་སློག་ཆ་གནང་བའི་ཚེ། ཡར་ལུང་འདིར་སྔ་སོར་་དཔལ་ལྡན་བླ་མ་དམ་པ་དང་། ཡར་ལུང་པ་སེང་གེ་རྒྱལ་མཚན། དེ་དག་ཕར་སློབ་ཚུར་སློབ་ཡིན་པས། སེང་རྒྱལ་བའི་ཕྱག་བཟོ་བླ་མ་དམ་པ་བསོད་ནམས་རྒྱལ་མཚན་གྱི་སྐུ་སྦྱིན་རླབས་ཅན་ཁྱེད་རྣམས་ལ་མེད་དམ་གསུངས་པར། རྩེ་ཚོགས་པའི་གྲྭ་པ་གཅིག་གིས་བདག་ལ་ཆོས་རྗེ་བླ་མ་དམ་པའི་ཤངས་མཚལ་ལས་གྲུབ་པའི་ཡར་ལུང་པ་དེ་ཉིད་ཀྱི་ཕྱག་བཟོ་འཁྲུལ་མེད་དཀར་མེ་འཛིན་ངེས་བྱིན་ལྡན་ཞིག་ཡོད་པས་ཅིས་ཀྱང་བུལ་སྤྲོ་ཟེར་བ་བཞིན་ལ་ཐུགས་ཤིན་ཏུ་མཉེས་ཏེ་བྱིན་རླབས་གནང་སྐྱེས་ལེགས་པར་སྩལ་ཞིང་། སྐུ་དེ་ཉིད་གཟིམ་ཆུང་ངུ་བཞུགས་སུ་གསོལ། དེ་གོང་ལྷ་ས་ནས་གསང་ཕུ་མཆོས་ཁང་བླ་མ་མཇལ་དུ་བྱུང་བ་ཁྱེད་ལ་ས་པཎ་གྱི་ཞུན་ཐིགས་ལས་གྲུབ་པའི་རྣམ་རྒྱལ་གྱི་སྐུ་ཞིག་ཡོད་གདུག་