R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༤༧༠
[A:༤༧༠]པ་དེ་ངེད་ལ་བསླང་གསུང་པ་ན་གུས་པ་དང་བཅས་ཕུལ་བ་སྐུ་ལ་འབྲལ་མེད་དུ་བཅང་བར་མཛད། གྲ་ཕྱི་རུ་ཕེབས་སྐབས་ཆོས་སྐྱོང་གི་ལྕོག་རྩར་ཕེབས་བསུ་བའི་གྲྭ་པ་གཅིག་རྟ་ཐོག་ནས་དྲན་མེད་དུ་འགྱེལ་བར་རྗེ་ཉིད་ནས་ཆོས་སྐྱོང་གི་སྐུ་གསུང་ཐུགས་ལ་ཉེས་འགེལ་བྱུང་བ་བཤགས་པ་བཞེས་དགོས་གསུངས་པས། ཆོས་སྐྱོང་གི་ཤ་ངར་ཞིག་ཐོངས་ད་ལན་དགེ་བཤེས་ཀྱི་ངོ་ལ་སྲོག་སྐྱོན་མི་གཏོང་ཟེར་བ་བཞིན་བདེ་བར་གྱུར། ཆོས་སྐྱོང་ནས་རྗེ་ཉིད་ལ་མཇལ་དར་དང་བཅས་དབུས་ཕེབས་སྔོན་མའི་སྐབས་འདུག་འདྲེའི་ལུས་ཁོག་རྒས་པས་དགེ་བཤེས་དང་ཕྲད་མ་ཐུབ་ཀྱང་། དགེ་བཤེས་ཀྱིས་ཕྱག་ནས་གནང་བས་ལུས་སེམས་བདེ་བ་བྱུང་ཞེས་སོགས་དད་གུས་ཀྱི་ཞུ་མཆིད་མང་པ་ཞུས་པ་དང་། འདུས་ཚོགས་ནས་ཞབས་བརྟན་བཅས་འབུལ་བ་རྒྱ་ཆེར་ཕུལ། གཏེར་བདག་གླིང་པ་ཆེན་པོ་ཡང་མཇལ་ཁར་ཕེབས་པས་ཐུགས་སྤྲོ་གནང་། སྡིང་པོ་ཆེའི་སྤྲུལ་སྐུ་ངག་དབང་སྙན་གྲགས་བཟང་པོ་ཡང་འབུལ་ཆེན་དང་བཅས་ཆོས་འབྲེལ་ཞུ་བར་བྱོན་པས་ཁོང་ཐུགས་གཟུ་བོར་གནས་པ་ལ་མཉེས་ཚོར་དང་བཅས་ཞེན་པ་བཞི་བྲལ་གྱི་རྩ་ཚིག་གནང་། ཁྲོམ་ཆེན་ལ་དབང་བཀའ་བསྩལ། སྒྲུབ་སྡེ་ནམ་མཁའ་མཛོད་པའི་དགེ་བའི་བཤེས་གཉེན་ཉེར་ལྔ་བཀའ་འབྲེལ་ཞུ་བར་འབྱོར་བར་ཆོས་བཀའ་ཁ་ཤས་དང་སློབ་དཔོན་