[A:༤༧༡]ཆེན་པོར་ཇ་མཆོད་ཞིག་ལྗགས་རྩོམ་མཛད་ནས་ལུང་བཅས་བསྩལ། གདུངས་ཕུད་དུ་ལམ་འབྲས་ལྷ་ཁང་གསར་བཞེངས་ལ་ཕྱག་ནས་ཁྲོམ་དབང་སོགས་རེ་བསྐོང་དུ་གནང་། སྐྱིད་གཤོང་ར་བ་སྨད་དུ་ཕེབས་བསུའི་བཀོད་པ་ཆོས་སྐྱོང་ཉིད་ནས་གནང་སྟེ། སེར་ཕྲེང་གི་རྗེས་སུ་མེ་ལོང་ཁྱེར་བ་ལྔ། བུམ་པ་ཁ་རྒྱན་བཅུད་ལྡན་ཁྱེར་བ་ལྔ། རལ་གྲི་ཁྱེར་བ་ལྔ། ཞགས་པ་ཁྱེར་བ་ལྔ། མདའ་དར་ཁྱེར་བ་ལྔ། རྒྱལ་མཚན་ཁྱེར་བ་ལྔ། ཁྲབ་ཅན་མདུང་དར་ཁྱེར་བ་ལྔ། གཟིག་ལྤགས་ཁྱེར་བ་ལྔ། རོལ་ཆ་ཁྱེར་བ་ལྔ་རྣམས་འསྒྲིགས། ཆོས་སྐྱོང་རང་སེར་ཕྲེང་གི་དཀྱིལ་དུ་བྱོན་ནས། དེ་ཉིད་དུ་མཇལ་དར་ཕུལ། རྗེ་ཉིད་ནས་ཀྱང་སྒྲོན་དར་གནང་སྟེ་ལྷན་ཅིག་ཕེབས།
དེ་སྐབས་ཆོས་སྐྱོང་ཆེན་པོས་སེམས་ཅན་སྤྱིའི་བདེ་ཐབས་འདི་དཀྲུག་པའི་དམ་ཉམས་ཤིག་གདུག་འདྲེས་བསྒྲལ་བ་དགེ་བཤེས་ལ་སྤྱན་ལམ་དུ་འབེབ་རྒྱུ་ཡོད་གསུངས་པས་རྗེ་ཉིད་ཀྱིས་ཁྱེད་ཆོས་སྐྱོང་རྣམས་བསྟན་དང་བསྟན་འཛིན་སྲུང་སྐྱོང་གི་ལས་བྱེད་པ་ཡིན་པས་ཚུལ་དེ་ཤིན་ཏུ་ལེགས། ད་དུང་ཁྱེད་དུས་གསུམ་སྒྲིབ་མེད་གཟིགས་པའི་ཡེ་ཤེས་ཀྱི་སྤྱན་དང་ལྡན་པས་བསྟན་དགྲ་རྣམས་མྱུར་དུ་སྒྲོལ་དགོས་གསུངས་པས། དེ་ལས་ཕྱིས་ཙམ་ན་ཆོས་སྐྱོང་ཉིད་ཀྱིས་ལྕོག་གི་སྒོའི་གཡོན་ཕྱོགས་སུ་སྟག་ལྤགས་ཤིག་