[A:༤༨༨]རིང་ནས་གཟིམས་གུར་གྱི་ཐོག་ཏུ་འཇའ་སྣ་ཚོགས་ཟུག་པ་དང་། ཤིང་བཟོ་བ་རྡོ་རྗེ་ཟེར་བ་སྒར་ཐོག་ནས་གདན་སར་ལོག་གྲབས་ལ། རྗེ་ཉིད་ནས་རེ་ཞིག་སྡོད་དགོས་གསུངས་པ་ལ་སླར་གདུང་སྒྲོམ་བྱེད་དགོས་ཀྱི་དགོངས་གཞི་སོགས་དང་། རྗེ་ཉིད་ཀྱང་ཐུགས་ཞི་བ་ཆེན་པོའི་ངང་ནས་ཐུགས་དམ་གཡེལ་མེད་དུ་བཞུགས་པའི་སྐབས་འགར་སྔ་སོར་ཡབ་རྗེ་དམ་པ། རྗེ་བཙུན་དྲུང་། ཞབས་དྲུང་ངག་དབང་རྣམ་རྒྱལ་རྣམས་ཀྱི་སྐུ་གདུང་ལ་ཞབས་ཏོག་འདི་བཞིན་བསྒྲུབས་པ་ཡིན་ལུགས་ཀྱི་འཕྲོས་ཀུན་ལ་གོ་རྒྱུར་གནང་བ་དང་། ཉིན་གཅིག་ཉེ་བསྐོར་ན་བྱ་རོག་གཉིས་འབྲོས་འདེད་བྱེད་པ་གཟིགས་པས་ང་ནད་འདི་ལས་གྲོལ་ཡང་སྒར་འདི་ནས་མི་གཅིག་འཆི་བར་འདུག་གསུངས་པར། ཞབས་འབྲིང་པ་རྣམས་ཀྱིས་རྗེ་ཉིད་ཀྱི་སྐུ་ལ་ཉེས་སྐྱོན་མ་བྱུང་ན་སུ་ཤི་ནའང་ཆོག་ལེགས་ཞུས་པས། ལྷོ་བོད་གཉིས་ཀྱི་མཚམས་སུ་དཔུང་ཤོམ་མ་དགོས་ཙམ་གྱིས་ཆིངས་འདུམ་འདི་བྱུང་ན་དེ་ཀས་ཡོང་གསུངས།
ཡང་ལན་གཅིག་ད་ལན་ཕན་ཡོན་ཆེན་པོ་ཡོང་བ་འདུག གཞན་གྱིས་དོན་དུ་སྲོག་གཏོང་བ་ཞེས་པའི་བྱང་ཆུབ་སེམས་དཔའི་རྣམ་ཐར་ལྟར་ད་ལན་ལྷོ་བོད་སེམས་ཅན་བདེ་ཐབས་ཀྱི་ཆེད་དུ་ངེད་རང་གིས་ལུས་སེམས་ཀྱི་དཀའ་བ་འདི་བཞིན་སྤྱད་པ་ཡིན་གསུངས། ཚེས་བཅུ་དགུ་ལ་ཞབས་འབྲིང་སྐུ་འཁོར་བན་གཙང་