R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༤༩༢
[A:༤༩༢]མཆོད་སོགས་མཆོད་ཚོགས་བླ་མ་སློབ་དཔོན་སོ་སོར་བསྔོ་རྟེན་ཚན་གྲངས་སྤྱི་འགྱེད་སོགས་རྒྱ་ཆེན་དང་། སྐུ་གདུང་རིན་པོ་ཆེར་ཆོས་རྗེ་ངག་དབང་བསྟན་པ་རབ་རྒྱས་ཀྱིས་རྒྱུད་སྡེ་དྲི་མ་མེད་པ་ནས་གསུང་པའི་སྐུ་སྤུར་གྱི་ཞབས་ཏོག་ཕྱག་ལེན་མཛད་དེ། ཟླ་ངོ་གསུམ་གྱི་རིང་མཆོད་པའི་ཞིང་དུ་བཞུགས་སུ་གསོལ་བའི་སྐུ་མདུན་དུ་ཆོས་རྗེ་དེ་ཉིད་ཀྱི་མཆོད་འབུལ་རྒྱུན་བཞུགས་པ་མཛད། དགུང་ཚིགས་བཞི་པའི་ཐོག་ཕྱག་མཛོད། གསོལ་གཟིམས། གཉེར་མཆོད་དཔོན་སོགས་ཞབས་གྲས་རྣམས་ཀྱི་དགོངས་རྫོགས་ཞལ་འདེབས་མང་འགྱེད་སོགས་བསྒྲུབ། དགུང་ཚིག་ལྔ་པར་འཇམ་མགོན་ཁྲི་རིན་པོ་ཆེ་ནས་ཡབ་རྗེའི་སྐུ་བསྟོད་གསོལ་འདེབས་ཚོགས་མཇུག་མང་ཇ་འཕར་མ་སོགས་དགུང་ཞག་གི་རིང་ཕལ་ཆེར་གཞི་ཚོགས་ཀྱིས་མཆོད་འབུལ་ལ་མང་འགྱེད་རྒྱུན་ཆགས་ལྟ་བུར་མཛད་པ་སོགས་མཐའ་ཡས། གཞུང་ས་ཆེན་པོ་ནས་གདུང་མཆོད་འབུལ་བར་དངོས་པོ་གཏོས་ཆེ་བ་བརྒྱད་ཚན་དྲུག།གཞན་ཡང་རྩེ་གདོང་། བཀྲ་ཤིས་ལྷུན་པོ། ཟངས་རི་སྡེ་སྲིད། ངོར་ཨེ་ཝཾ་སོགས་ཕྱོགས་ཀྱི་ལྷ་སྡེ་མི་སྡེ་ཆེ་ཕྲ་དུ་མ་དང་། རང་ཞབས་ཀྱི་སེར་སྐྱ་མཐའ་དག་གིས་ཀྱང་འབྱོར་བསྟུན་གྱིས་དངོས་པོ་དཔག་ཏུ་མེད་པ་ཕུལ། རྒྱལ་དབང་རིན་པོ་ཆེའི་སྐུ་ཞབས་སུ་