R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༤༩༤
[A:༤༩༤]ཚད་ལས་འདས་པ་ཕུལ། བླ་མ་ལས་ཚན་ཟུར་འབུལ་འོས་པ་རྣམས་ལ་ཚན་གྲངས་སྟོབས་ཆེན། གཞིས་བྱེས་ཀྱི་འགྱེས་སྐལ་བླང་མི་སེར་སྐྱ་ཁྲི་ཕྲག་ཕྱེད་གཉིས་ལོངས་པར་མང་ཇ་བཟང་ཇ་སྦྱོར་བཞི་རེ། འགྱེད་ཆོས་སྡེ་ལྷོ་བྱང་དང་ལྟོ་ཟན་རྣམས་ལ་ནས་དཀར་ལེགས་པ་ཁལ་རེ། དགེ་འདུན་གཞན་རྣམས་ལ་ཡ་ཇུ་དངུལ་ཕོར་རེ། སྐྱ་འགྱེད་ལ་དཀྱུས་ཇ་དངུལ་ཕོར་རེ་སོགས་མཆོད་སྦྱིན་རྒྱ་ཆེན་སྩལ་བའི་དགེ་རྩ་ཡབ་རྗེ་རྡོ་རྗེ་འཆང་གི་དགོངས་པ་ཆོས་དབྱིངས་སུ་རྫོགས་པའི་མཆོད་བསྔོ་འཇམ་དབྱངས་ཁྲི་རིན་པོ་ཆེ་ཉིད་ཆོས་ཁྲི་ཆེན་མོའི་སྟེང་དུ་ཕེབས་ནས་གནང་། དེ་བཞིན་དུ་མུས་གླིང་ཁ་ལའང་དགེ་འདུན་བརྒྱ་ལྷག་གིས་ཞག་ཉེར་ལྔའི་རིང་དཔལ་འཁོར་ལོ་སྡོམ་པའི་སྒྲུབ་མཆོད་དང་། མུས་ནང་གི་དགོན་སྡེ་སོ་སོའི་འདུས་ཚོགས་སྟོང་ཕྲག་བརྒལ་བར་མང་འགྱེད་སྤོམ་མཐོ་བ་དང་། སེར་སྐྱ་བགྲང་བར་དཀའ་བར་སྦྱིན་གཏོང་རྒྱ་ཆེར་སྩལ། དུས་དྲན་གྱི་མཆོད་པ་ཡང་གདན་ས་རང་དུ་ཉེར་བཞི་བྱུང་རེས་ཀྱི་བརྟག་གཉིས་རྒྱུད་འདོན། ཉེར་ལྔར་རྡོ་རྗེ་རྣལ་འབྱོར་མའི་སྒྲུབ་མཆོད། ཚོགས་ཆེན་དུས་ཇ། ཟླ་བ་བརྒྱད་པའི་བཅུ་གཉིས་ནས་ཉེར་དྲུག་བར་གསང་འདུས་སྒྲུབ་མཆོད་ཆེན་མོ་སོགས་དང་། ཕྱོགས་ཀྱི་དགོན་སྡེ་འགར་ཡང་བསྟན་པ་ནམ་གནས་ཀྱི་བར་མཆོད་རྒྱུན་བཙུགས་ཚུལ་ཡི་གེས་