R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༤༩༥
[A:༤༩༥]འཇིགས་པས་འདིར་མ་བཀོད་ཀྱང་རྣམ་ཐར་ཆེན་མོ་དང་། གདན་ས་དེབ་ཆེན་ལས་ཤེས་པར་བྱའོ། ། ཟླ་བ་བཅུ་གཅིག་པའི་ཉེར་གཅིག་ལ་ཆོས་ཀྱི་རྗེ་ངག་དབང་བསྟན་པ་རབ་རྒྱས་ཀྱིས་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་སྒོ་ནས་སྐུ་གདུང་རིན་པོ་ཆེ་མཆོད་སྤྲིན་རྒྱ་ཆེན་དང་བཅས་ཞུགས་མཆོད་ཕུལ་སྐབས་འཇའ་འོོད་ཀྱི་གུར་དང་། མེ་ཏོག་ཆར། ལྷ་རྫས་ཀྱི་སྤོས་དྲི་ཞིམ་པོ་སོགས་འཇིག་རྟེན་ཐམས་ཅད་ངོ་མཚར་གྱིས་ཁྱབ། བདུན་ཕྲག་གཅིག་གི་བར་དུ་མཆོད་འབུལ་གསོལ་འདེབས་ཞུས་ཏེ་དེ་མཚམས་གདུང་ཁང་ཞལ་ཕྱེ་བར་ཕལ་ཆེར་གདུང་ལོག་ཏུ་གྱུར་ཅིང་། སྐུའི་རྗེ་ངར་གྱི་རུས་པ་གཅིག་ལ་རྡོ་རྗེ་འཇིགས་བྱེད་ཀྱི་སྐུ་བརྙན་ཤིན་ཏུ་གསལ་བར་བྱོན་པ་སོགས་རང་བྱོན་དང་རིང་བསྲེལ་གྱི་རིགས་མ་གཏོགས་གདུང་རུས་ཐམས་ཅད་འདུལ་སྦྱངས་ཀྱིས་འཇམ་མགོན་ཁྲི་ཆེན་ཉིད་ནས་བླ་མ་སངས་རྒྱས་རྒྱུད་སྡེ་གོང་འོག་གི་ཡི་དམ་ཆོས་སྐྱོང་སོགས་ཀྱི་སྐུ་བརྙན་དང་མཆོད་རྟེན་སཱཙྪ་བདུན་ཁྲི་སུམ་སྟོང་དྲུག་བརྒྱ་དོན་བདུན་ལ་གསེར་ཞོ་སུམ་ཅུ་སོ་བརྒྱད་ལྗིབ་གསོལ་མཛད། ཕྱི་ནང་གི་རྟེན་ཡང་རྗེ་དེ་ཉིད་ཀྱི་སྐུ་ཚབ་གསེར་ཟངས་ཀྱི་འདྲ་སྐུ་སྐུ་ཚད་ཅན་དང་། གཟིམ་མལ་སྨན་སྐུ། བུ་སྟོན་གྱི་ཐིག་འགྲོས་ལྟར་གྱི་རྣམ་རྒྱལ་མཆོད་རྟེན་ཐོག་ཚད་ཕྱེད་གསུམ་ལྷག་པ་བང་རིམ་མན་དང་བྲེ་རྒྱན་དང་