[A:༥༠༠]རྒྱལ་ཡུམ་དམ་པའི་སྐུ་ལ་ཉམ་ང་མེད་པར་བལྟམས་ཤིང་། དེ་འཕྲལ་ནས་ཞལ་ཁྱིམ་དངས་བ་སོགས་འཇིག་རྟེན་ཕལ་པ་ལས་འདས་པའི་སྣང་ཚུལ་དང་། རིམ་གྱིས་སྐུ་སྐྱེད་བསྲིང་བའི་གཞོན་ནུ་ཉིད་ནས་ཀྱང་ཡབ་ཡུམ་ལ་གུས་ཤིང་ངང་ཚུལ་བཟང་བ་དང་། སྐུ་རྩེད་ཕལ་ཆེར་ཡང་ཆོས་འཆད་པ་དང་། དབང་བསྐུར་བ་སོགས་རྣམ་དཀར་གྱི་བག་ཆག་སད་པ་ཁོ་ན་ལས་ཐ་མལ་བྱིས་པའི་ངང་ཚུལ་གཏན་ནས་མི་མངའ། རིམ་གྱིས་འདྲི་ཀློག་སོགས་ཕུལ་བས་ཀྱང་ཚེགས་མེད་དུ་མཁྱེན། ལན་གཅིག་ཡུམ་སྲས་འཁོར་བཅས་ལྷ་ཁང་ཆེན་མོའི་ཡང་སྟེང་སྔགས་འཆང་ཆེན་པོས་བཞེངས་བར་མཛད་པའི་ལམ་འབྲས་བླ་མ་ལྷ་ཁང་གི་འོག་གི་མགོན་ཁང་དུ་ཕེབས་སྐབས་མགོན་ཁང་འདིར་སྐུ་འདི་ག་ཡིན་ནམ་གསུངས། ཡུམ་གྱིས་འདི་ལས་མི་གདའ་ཞུས་པས། ད་དུང་མགོན་པོ་ལྕམ་དྲལ་གྱི་སྐུ་ཞིག་ཡོད་པ་འདིར་མི་འདུག་གསུངས་པ་དང་། སྐུ་འཁོར་ཞིག་གིས་ཌ་ཌི་ཆོས་རྫོང་ན་མགོན་པོ་ལྕམ་དྲལ་གྱི་སྐུ་བརྙན་ཞིག་ཡོད་པ་འདི་ནས་གདན་དྲངས་པ་ཡིན་འདུག་པ་དེ་ཨེ་ཡིན་ལགས་ཞུས་པས། དེ་ག་ཡིན་གསུངས།
རྗེ་འདི་ཉིད་སྐུ་འཁྲུངས་པ་ནས་བཟུང་འཇམ་མགོན་ཨ་མེས་ཞབས་ཀུན་དགའ་བསོད་ནམས་ཉིད་ནས་ཁྲུས་གསོལ་ཚེ་དབང་སོགས་ཕལ་ཆེར་དང་། ཡབ་ཆོས་ཡང་ཕུར། གསུང་ངག་རིན་