R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༤༩
[A:༤༩]པ་ལྟར། རིགས་ཁྱད་པར་ཅན་དུ་འཁྲུངས་ཤིང་བྱམས་དང་སྙིང་རྗེས་མགོན་མེད་སྐྱོང་བ་བླ་མ་དང་དཀོན་མཆོག་གི་ཞབས་ཏོག་ལ་བརྩོན་པ། ལུགས་གཉིས་ལ་མཁྱེན་པ་རབ་ཏུ་རྒྱས་པ་ཡེ་ཤེས་མཁའ་འགྲོའི་མཚན་དང་ལྡན་པ་རྣལ་འབྱོར་གྱི་དབང་མོ་དཔལ་བུ་ཁྲིད་ཅེས་བྱ་བའི་སྲས་སུ་སྐྱེས་བདག་ཅེས་བྱ་བ་ལྕགས་མོ་ལུག་གི་ལོ་རྒྱལ་གྱི་ཟླ་བའི་ཚེས་བརྒྱད་ཀྱི་ཐོ་རེངས་རེས་གཟའ་ལྷག་པ་དང་རྒྱུ་སྐར་དབྱུག་པ་འཛོམ་པའི་ཚེ། གདན་ས་ཆེན་པོ་དཔལ་རྩེ་གདོང་གི་བླ་བྲང་ཆེན་པོའི་གཟིམ་ཁང་དུ་ས་ལོ་ཐམས་ཅད་མཁྱེན་པ་སྐུ་འཁྲུངས་པའི་གནས་གཟིམ་ཆུང་ཕུན་ཚོགས་གླིང་གི་ཤར་ཕྱོགས་གཟིམ་ཆུང་ཟིལ་གནོན་ཞེས་བྱ་བར་སྐུ་འཁྲུངས་སོ། ། བདག་ཉིད་ཆེན་པོ་འདི་ཡུམ་གྱི་ལྷུམས་སུ་བཞུགས་པ་ན་ཡུམ་སྐུ་ལྡང་བ་ཡང་བ་དང་ལྷག་པར་ཡང་བྱམས་པ་དང་སྙིང་རྗེ་ཆེ་བར་གྱུར་པ་དང། སྲས་འགྲོ་བའི་དོན་མཛད་པ་གསུམ་འབྱུང་བས་དགེ་ལ་ཐ་མིའི་མིང་ནས་སྨོས་པའི་མཚན་བཏགས་ན་དགེ་ཞེས་བྱ་བའི་མནལ་ལྟས་བྱུན་བར་གྲགས་པ་སོགས་མཚན་ལྟས་ངོ་མཚར་བ་དུ་མ་བྱུང་བར་ངེས་ཤིང། སྐུ་བལྟམས་པའི་ཚེ་ཡང་ཡུམ་ལ་གནོད་པ་མེད་ཅིང་བདེ་བས་བརྒྱན་པ་དང། རྗེ་ཉིད་ཀྱང་མངལ་ནས་འབྱུང་བའི་སྡུག་བསྔལ་གྱི་ཚོར་བ་མེད་པར་བསམ་བཞིན་དུ་སྲིད་པར་སྐྱེ་བ་བཞེས་པའི་རྣམ་པར་ཐར་པས་བདེ་བར་བལྟམས་ཤིང་