[A:༥༠]བདེ་བར་འཁྲུངས་པར་གྱུར་ཏོ། །
གཞོན་ནུ་དེ་ནི་ཤིན་ཏུ་མཛེས་ཤིང་ཡིད་དུ་འོང་ལ་མཚན་དཔེ་ངོ་མཚར་བ་དང་ལྡན་པས་མཐོང་ན་དགའ་བ་བསྐྱེད་ཅིང་ལྷ་དང་བཅས་པའི་འཇིག་རྟེན་གྱིས་ཕྱག་བྱ་བའི་འོས་སུ་གྱུར་པ་བསྟན་འཛིན་གྱི་སྐྱེས་བུ་དམ་པ་རྣམས་ཀྱིས་དུས་དེ་ཉིད་ནས་གཙུག་གི་རྒྱན་དུ་འཛིན་པ་ཞིག་ཏུ་གྱུར་པ་སྟེ། འཇམ་པའི་དབྱངས་རབས་ནས་རབས་སུ་བརྒྱུད་པའི་གདུང་བརྒྱུད་དམ་པ་འདི་དག་ཏུ་འཁྲུངས་ཙམ་ཉིད་ནས་ཡོན་ཏན་དེ་ལྟ་བུ་དང་ལྡན་པར་གོར་མ་ཆག་ཅིང་ལྷག་པར་རྗེ་བཙུན་དམ་པ་འདི་གཞན་ལས་ཆེས་ཕུལ་དུ་བྱུང་བར་དང་པོ་ཉིད་ནས་མངོན་དུ་གྱུར་པའི་ཕྱིར་རོ། ། མཚན་ཡང་ཡུམ་གྱི་མནལ་བལྟས་དང་བསྟུན་ཏེ། རྡོ་རྗེ་རྒྱ་སོག་ཅེས་གསོལ་ཏོ། །
དེ་ནས་རིམ་གྱིས་སྐུ་བསྐྱེད་བསྲིངས་ཏེ་ཅུང་ཟད་ནར་སོན་པ་ནས་ཐ་མལ་པའི་བྱིས་པའི་སྤྱོད་པ་ལས་ཡང་དག་པར་འདས་ཤིང་ཐུབ་གཅོད་ལ་སོགས་པ་མི་མཛད་པར་དུལ་ཞིང་ཡིད་གཞུང་བ་ཆོས་ཀྱི་བག་ཆགས་ཤིན་ཏུ་གསལ་བས་དེ་དང་མཐུན་པའི་སྤྱོད་པ་མཛད་པ་ཞིག་སྟེ། སྐུ་ན་ཕྲ་མོའི་དུས་ཤིག་ཉིན་གཅིག་ཡབ་དྲུང་ལ། བདག་ལ་ཁང་པ་ལེགས་པོ་ཡོད་ལགས་ཞུས་བྱུང་བ་ལ། ཡབ་ཀྱིས་ཅི་འདྲ་ཞིག་ཡོད་ཅེས་གསུངས་པས། ཤིང་དང་འཇིམ་པ་