R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༥༠༢
[A:༥༠༢]འདུས་ཆེ་གཉེན་དུ་མ་དང་བཅས་པར་ལོ་གསར་གྱི་དགའ་སྟོན་རྒྱ་ཆེར་བསྩལ། ཁྲི་འདོན་དངོས་གཞི་ཟླ་བ་དེ་གའི་ཚེས་ལྔའི་སྔ་དྲོ་ཆོས་དུང་ཆེན་མོ་ལན་བཅུ་གསུམ་བར་དུ་བསྐུལ་བའི་གཞིས་བྱེས་ཀྱི་དགེ་འདུན་སིནྡྷུ་རའི་ཆུ་གཏེར་འཁྱིལ་པ་ལྟ་བུ་བཞུགས་ཁྲི་ཆེན་མོའི་མདུན་ལོགས་སུ་འཁོད་པའི་མཐར་དད་ལྡན་གྱི་སྐྱེ་བོ་དུ་མའི་ཁྲོམ་ཚོགས་ཀྱིས་བསྐོར་བའི་དབུས་སུ་རྗེ་འདི་ཉིད་ངོ་མཚར་་བའི་བཀོད་པ་མཛེས་ཤིང་བརྗིད་དང་ལྡན་པས་རྡོ་རྗེའི་ཞབས་སྟེགས་ག་ལ་བར་ཞབས་ཀྱི་པད་མོ་མངོན་པར་བཀོད་ནས་ཉིན་གསུམ་ལ་རྒྱལ་སྲས་མཆོག་གི་ལམ་བཟང་ཐུབ་པའི་དགོངས་པ་རབ་ཏུ་གསལ་བའི་བསྟན་བཅོས་སྦྱོར་དངོས་རྗེས་ཚང་དག་གསལ་སྙན་པའི་གསུང་གིས་སྐྱེ་དགུའི་ཡིད་དབང་འཕྲོག་ཅིང་ཐར་པའི་ས་བོན་རྒྱུད་ལ་སྨིན་ནུས་ཅན་སྩལ་བའི་སྐབས་གསེང་རྣམས་སུ་གཙོ་བོར་གོང་ས་རིན་པོ་ཆེ་ཕྱག་ན་པད་མོ་ལྔ་པ་ཆེན་པོའི་སྐུ་ཞབས་ནས་དར་དཀར་ཡུག་གསུམ། ཞལ་དཀར་དངུལ་སྟེགས། དངུལ་གྱི་བཟེད་ཞལ། དངུལ་གྱི་མཎྜལ། དངུལ་མདོང་། གོས་ཡུག་དུ་མ་སོགས་གཏོས་ཆེ་བས་དྲང་པ། དབྱིངས་ཞབས་དང་སོག་པོའི་རྒྱལ་པོ་གཉིས་སོགས་ལྷ་སྡེ་མི་སྡེ་མཆོག་དམན་ཀུན་ནས་ཁྲི་འབུལ་དཔག་ཏུ་མེད་པ་བྱུང་བ་ཉིན་གསུམ་གྱི་ཁོངས་དེར་འབུལ་ཐུབ་པ་བྱས་པའི་ཉིན་ཕྱི་མར་ཡབ་རྗེ་རིན་པོ་ཆེ་ཡང་ལྷན་ཅིག་བཞུགས་