R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༥༠༤
[A:༥༠༤]སྔགས་ཡེ་ཤེས་ཀྱི་རོལ་པའི་ཏིང་འཛིན་ལ་འབྱམས་པ་བྱུང་། དགུང་གྲངས་བཅུ་དགུ་པར་ཡབ་རྗེ་དམ་པའི་དགོངས་བཞེད་ལྟར་རྒྱལ་དབང་རིན་པོ་ཆེ་མཇལ་ཞུ་སོགས་དབུས་ཕེབས་ཀྱི་སྒོ་ཤར་བས་ཡབ་སྲས་ལྷན་ཅིག་ཆིབས་བསྒྱུར་གནང་བའི་ལམ་བར་གྱི་འགྲོ་བ་རྣམས་ཕན་བདེའི་དཔལ་ལ་འགོད་བཞིན་པར། གཞུང་ས་ནས་ཕེབས་བསུ་བཀུར་གཟོས་བཅས་ལྷ་སར་ཕེབས། རྒྱལ་དབང་སྐུ་ཞབས་ནས་རྗེ་འདི་ཉིད་མཇལ་བའི་ཐོག་ཐུགས་སྤྲོ་ལྷག་པར་འཁྲུངས་ཏེ་བཞུགས་གྲལ་རྗེས་མའི་ཐོག་ཁྲི་གདན་མཐོན་པོར་སྤོར་བ་སོགས་ལུགས་གཉིས་ཀྱི་ཐུགས་བརྩེ་ཕུལ་དུ་ཕྱིན་པ་གནང་། ལྷ་ས་དང་པོ་ཏ་ལའི་ཕྱི་ནང་གི་རྟེན་རྣམས་ཞིབ་མཇལ་མཆོད་འབུལ་སྨོན་ལམ་བཅས་མཛད་ནས་གཞུང་ཞབས་ཕེབས་སྐྱེལ་བ་དང་བཅས་བསམ་ཡས་ཕྱོགས་སུ་ཆིབས་བཏེགས། སྐུ་འབུམ་ཐང་ནས་ཕེབས་སྐྱེལ་བ་རྣམས་ཕྱིར་སློག། བསམ་ཡས་སུ་ཕེབས་ཉེའི་ཚེ་ལྷ་མིའི་བསུ་བ་ཡ་མཚན་དང་ཕོ་བྲང་གོང་དུ་ཕེབས། དེ་སྐབས་ཁྲོམ་ཚོགས་ལ་རྗེ་འདི་ཉིད་ནས་འཇམ་དཔལ་ནག་པོའི་རྗེས་གནང་། གཏོར་མ་བརྒྱ་རྩ་དང་། འཇམ་དཔལ་མཚན་བརྗོད་ཀྱི་ལྗགས་ལུང་རྣམས་བསྩལ། རིམ་གྱིས་ཡར་ལམ་གསང་ཕུ་ར་བ་སྨད་དུ་ཕེབས་ཚེ་ཆོས་སྐྱོང་ཆེན་མོ་བསེ་ཁྲབ་ཅན་གྱིས་རྗེ་འདི་ཉིད་ལ་བསྐོར་བ་ཐེངས་གསུམ་མཛད་