[A:༥༠༥]ནས་དེ་རིང་གུ་རུ་པདྨ་དངོས་སུ་མཇལ་ཞེས་སོགས་གུས་སྤྲོའི་གསུང་བཅས་མེ་ལོང་དང་ལྷ་དར་ཚོན་ཚོགས་ཞིག་ཕུལ་ཏེ། མེ་ལོང་གཡའ་དག་པ་འདི་འགྲོ་དོན་ལ་སྒྲིབ་གཡོགས་མེད་ཅིང་ཕྲིན་ལས་ཆེས་ཆེར་གསལ་བའི་བརྡའ་ཡིན། ལྷ་རྫས་ཚོན་ཚོགས་རིང་ཞིང་བཀྲག་མདངས་ཆེ་བ་འདི་ཞི་རྒྱས་དབང་དྲག་གི་ཕྲིན་ལས་རྒྱུན་རིང་པོར་གནས་པའི་བརྡའ་ཡིན་པས་པད་མའི་རྣམ་སྤྲུལ་གྱིས་གོ་ཨ་བྱུང་སོགས་ཤིན་ཏུ་དགྱེས་པའི་རྣམ་འགྱུར་མཛད། གོང་དཀར་རྡོ་རྗེ་གདན་དུ་རྗེ་ཉིད་ནས་ཚོགས་ཆེན་ལ་རྡོ་རྗེ་ཕུར་པའི་སྟོད་ལས་བྱང་ཆུབ་སྒྲུབ་པའི་བཀའ་དབང་གནང་། དེ་སྐབས་ཤིག་ཏུ་གོང་དཀར་བའི་གྲྭ་རིགས་འགའ་ཞིག་གིས་མཐོང་བར་རྗེ་འདིའི་ཕྱག་ཏུ་འབྲུ་དུམ་པ་ཞིག་བསྣམས་འདུག་པ་ཡུད་ཙམ་ནས་འབྲུ་རྣམས་གཅིག་ཏུ་འཇིམ་པ་བཞིན་བརྫི་བར་མཛད་པ་ཕྱག་གཉིས་ཀྱིས་རིང་པོར་འཐེན་ནས་ཡབ་རྗེ་ལ་གཟིགས་ཕུལ་བར་ཞལ་འཛུམ་པ་ཞིག་མཛད་པའི་མཐར་ཁྲི་རྩ་དེར་གཡུག་པར་མཛད་སོང་བ་གོང་དཀར་གྲྭ་རིགས་ཚོས་བཙལ་ཡང་མ་རྙེད་ཟེར་བའི་གྲུབ་པའི་མཚན་མའང་བསྟན། དེ་ནས་རིམ་གྱིས་ཆིབས་བཏེགས་ཏེ་རིང་པོར་མ་ཐོགས་པར་གདན་ས་ཆེན་པོར་ཕེབས། མགོན་ཁང་རྣམས་སུ་གཏང་རག་གི་གསོལ་མཆོད་རྒྱ་ཆེར་གནང་།
དགུང་གྲངས་ཉེར་གཅིག་པར་བདེ་མཆོག་གི་ལྗགས་བསྙེན་