[A:༥༠༦]ཟླ་དྲུག་སྨིན་རྒྱས་གནང་བའི་སྐབས་གཟིམ་ཆུང་གི་ཕྱི་ནང་ཉེ་སྐོར་བཅས་པར་ལྷ་རྫས་ཀྱི་དྲི་བསུང་སྔར་ཚོར་མ་མྱོང་བས་ཁྱབ་པ་དང་། མཆོད་གཞིའི་ཏིང་ཕོར་ཁར་ལྷའི་མེ་ཏོག་འདབ་མ་བཞི་པ་ལན་གྲངས་དུ་མར་བབ་པ་བྱུང་། ཐུགས་དམ་ཏིང་ངེ་འཛིན་གྱི་བོགས་ཀྱང་བསམ་གྱིས་མི་ཁྱབ་པ་ཐོན། གཞན་ཡང་སྔ་ཕྱི་ཅི་རིགས་པར་འཇམ་དབྱངས་ནག་པོ། ནཱ་རོ་མཁའ་སྤྱོད། རྡོ་རྗེ་འཇིགས་བྱེད། གུར་དྲག སེང་གེ་སྒྲ། འབྱུང་འདུལ། སྒྲོལ་དཀར། ཁྲོས་ནག མགོན་པོ། སེང་གདོང་མ་སོགས་ཀྱི་ལྗགས་བསྙེན་རྣམས་མཐར་ཕྱིན་པར་མཛད།
སྐབས་འདིར་དགུང་གྲངས་ཉེར་གཉིས་ནས་ཉེར་ལྔ་བར་ལོ་ངོ་བཞིའི་རྣམ་ཐར་ས་བོན་མི་སྣང་། དགུང་གྲངས་ཉེར་དྲུག་པར་རྗེ་འདི་ཉིད་དང་། ལྕམ་བཀྲ་ཤིས་དབང་མོ། འདར་རྗེ་དྲུང་། འདར་སྡེ་པ། རག་རྫོང་བླ་མ། ཆོས་གྲྭ་ལྷོ་བྱང་ཀྱི་དགེ་འདུན་སོགས་མང་བ་དང་བཅས་པས་ཡབ་རྗེ་རྡོ་རྗེ་འཆང་གི་ཞབས་དྲུང་དུ་གསུང་ངག་རིན་པོ་ཆེའི་ལམ་འབྲས་བུ་དང་བཅས་པ་སློབ་བཤད་སྨིན་འཁྲིད་ཆ་ལག་རྒྱབ་བརྟེན་ལུང་གི་ཚོགས་དང་བཅས་པ་མཐའ་རྒྱས་སུ་གསན།
ཉེར་བདུན་པར་ངོར་ཨེ་ཝཾ་ཆོས་ལྡན་གྱི་མཁན་རིན་ཆེན་ལྷུན་གྲུབ་དཔལ་ལྡན་པའི་དྲུང་ནས་འཇིགས་བྱེད་ས་ལུགས་སོགས་