[A:༥༠༧]དབང་བཀའ་ཁ་ཤས་གསན་ཞིང་ཕར་ཡང་ཀུ་རུ་ཀུལླེ་སོགས་རྗེས་གནང་དང་ལུང་དུ་མ་བསྩལ།
ཉེར་དགུ་པར་འཇིགས་བྱེད་ལྗགས་བསྙེན་ཐུན་མཚམས་རྣམས་སུ་པུ་ཏྲ་ཆེན་པོའི་ཞལ་འབག་ཕྱག་བཟོ་མཛད་པར་ཡབ་རྗེ་རིན་པོ་ཆེ་ནས་རབ་གནས་སྨིན་རྒྱས་མཛད་དུས་པུ་ཏྲ་དངོས་སུ་ཟིམ་པར་གཟིགས་པ་དེ་ད་ལྟ་དབང་ཁང་ན་བཞུགས་པ་འདི་ཡིན་ཞིང་། ཡང་ཡབ་རྗེ་ཉིད་ཀྱི་བཀས་བསྐུལ་ཏེ་པུ་ཏྲ་དམར་ནག་གཉིས་ཀྱི་ཞལ་བརྙན་ཕྲག་བཟོ་འཕྲལ་བསྒྲུབས་མཛད་དེ་ཕུལ་བ་ཡང་མགོན་ཁང་ཁྱད་འཕགས་སུ་བཞུགས་པ་འདི་ཉིད་དོ། །
དགུང་གྲངས་སུམ་ཅུ་པར་ཁྲོས་ནག་གི་སྐུ་མཚམས་ཤིག་གནང་། དེ་སྐབས་སེང་ལྡེང་གི་ཌཱ་མ་རུ་དང་། རྐང་གླིང་། སྒོམ་ཐག་སོགས་ལ་ཐུགས་རྩིས་ཆེན་པོ་མཛད་པ་ཞིག་བྱུང་འདུག་པ་སྔོན་གྱི་སྐུ་འཕྲེང་ཞིག་གི་བག་ཆགས་སད་ཚོད་དུ་འདུག འདི་ལོ་ཡབ་རྗེ་རིན་པོ་ཆེ་ནས་བཀའ་ཕེབས་ཀྱིས་ལོ་ལོ་བཞིན་བསྟན་པ་སྤྱི་རིམ་དུ་གཏོར་ཟློག་གཉིས་རེ་གནང་བའི་ཟོར་ལས་སུ་ཕེབས་པའི་གསུང་བསྙེན་ཞལ་གསོའི་སྐབས་རྣམས་སུ་དངོས་ཉམས་འདྲེས་མར་གཎྜེ་ལས་སྤྲུལ་གྱི་ཕོ་ཉ་རྣམས་ཀྱི་དབྱིབས་འདྲ་བས་གཟིམ་ཆུང་ཁྲིག་མེར་གང་བ་དང་། འགའ་རེས་ཡུས་ཀྱི་རྣམ་པས་རྗེ་ཉིད་ཀྱི་བཞུགས་གདན་སོགས་འབྲད་པའི་རྣམ་འགྱུར་ཤར།