[A:༥༠༨]ཡང་ཕུར་ཟློག་གི་དངོས་གཞིའི་གཏོར་ཟློག་གི་སྐབས་ཤིག་ཏུ་གཙོ་གཏོར་ལ་ཚག་སྒྲ་ཆེན་པོ་ཀུན་གྱིས་ཚོར་བ་ཞིག་བྱུང་བ་དང་ལྷན་ཅིག་གཏོར་རྩེ་སོར་བཞི་ཙམ་ཞིག་གས་འདུག་པ་དེ་ནས་མ་འགྱངས་པར་དམ་ཉམས་ཁ་ཤས་ལ་རྟགས་མཚན་མངོན་གྱུར་བྱུང་། བསམ་ཡས་སུ་ཆོས་སྐྱོང་ཆེན་པོ་གློ་བུར་དུ་སྐུ་ཕེབས་ནས་བཀའ་ཤོག་ཅིག་ཕེབས་ནང་འདུས་བྱས་ཐམས་ཅད་མི་རྟག་པའི་རྒྱུར་འགྲོ་བའི་བརྡའ་ཚིག་དེ་ཨེ་གོ་སོགས་དང་། ཟློག་ཐབས་ལ་རྡོ་རྗེ་ཕུར་པ་དྲུག་ཅུ་སོགས་ཀྱི་གཏོར་ཟློག་ཚེ་སྒྲུབ་སོགས་དགོས་ཚུལ་འདུག་པས་རྗེ་ཉིད་ནས་ཡབ་རྗེ་དང་ངེད་རང་སུ་ལ་སྐུ་དོགས་ཡོད་ཀྱང་ད་ལན་ཧུར་ཐག་དགོས་པ་འདུག་གསུངས་ཏེ་ཚེ་སྒྲུབ་སོགས་ཀྱི་ཐུགས་དམ་ལ་གཡེལ་མེད་བརྩོན་པ་དང་། གཟིམ་ཆུང་རང་ནས་ཕྱག་རྫས་བཏོན་པའི་ཡོན་སྤྲད་ནས་རྡོ་རྗེ་འཛིན་པ་གཞན་ལ་ཡང་ཚེ་སྒྲུབ་སྲུང་བཟློག་རྒྱ་ཆེར་བསྒྲུབ་འཇུག་པ་གནང་།
ཟླ་བ་དྲུག་པའི་ནང་ཡབ་རྗེ་རིན་པོ་ཆེ་ལྷོ་བོད་ཀྱི་འདུམ་ཆིངས་ལ་ཕེབས་རྗེས། རྗེ་ཉིད་ཀྱི་གསུང་ལས། འདི་ལོ་བློ་མི་བདེ་ཞིང་། ཡབ་རྗེ་ཡང་སྐུའི་རྣམ་འགྱུར་སོགས་སྔར་དང་མི་འདྲ་བ་ཞིག་མཛད་འདུག་པ་ཇི་ལྟར་ཡིན་མ་ཤེས་པས་སྐུ་རིམ་ལ་འབད་དགོས་གསུངས་པ་གནང་། ཕྱོགས་ཀྱི་འབུལ་སྡུད་བླ་མ་སོགས་ལ་འདོད་སྦྱོར་གྱི་དབང་བཀའ་སོགས་སྩོལ་བཞིན་