[A:༥༠༩]པའི་སྐབས་ཕག་རི་བཞུགས་སྒར་ནས་བང་ཆེན་སླེབས་གདོང་ཡབ་རྗེ་རིན་པོ་ཆེ་སྐུ་ཁམས་རྙོག་ཚུལ་འདུག་པར་དེ་འཕྲལ་ཞབས་ཕྱི་རྣམས་ལ་རང་གཞན་ཕྱོགས་མཐར་མང་སྐོལ་གཏོར་བཟློག་སོགས་སྐུ་རིམ་གྱི་བཀོད་པ་དང་། རྗེ་ཉིད་ནས་ཀྱང་ཞབས་བརྟན་འབུལ་མི་འཕྲལ་རྫོང་མཛད་རྩིས་ཀྱིས་བཞུགས་གདན་གོས་སྤྲིན་དང་མེ་ཏོག་སོགས་ཀྱི་རི་མོ་མེད་པ་ནོར་བུ་ཆ་བདུན་དང་ཤིང་འབྲས་སོགས་ཀྱི་རི་མོ་བྱས་པར་དྲུབ་ན་རྟེན་འབྲེལ་ཞིག་ཨེ་འགྲིག་སོགས་ཅི་དྲག་གི་ཐུགས་ཁུར་དང་། བཀའ་ལས་ཀྱང་སྤྱི་སྒེར་བསྟན་པ་རིན་ཆེན་དང་། སྒོས་སུ་ས་སྐྱའི་རིགས་རུས་བདག་སོགས་རྣམས་ཉམས་ཐག་པར་ཡོང་ཉེན་ཆེ་གསུངས་པ་སོགས་ཐུགས་ལས་ཀྱི་ངང་དུ་ཡོད་ཚེ་བང་ཆེན་ཡང་སྐྱར་སླེབས་ནས་སྐུ་ཁམས་ཤིན་ཏུ་རྙོག་ཚུལ་འབྱོར་བར་རྗེ་ཉིད་ནས་ད་ཆ་སྐུ་རིམ་ལ་འབད་ཀྱང་དོན་ཆེན་ཡོད་མདོག་མ་ཁ། འོན་ཀྱང་ང་རང་སྒོ་རུམ་ཡེ་ཤེས་མགོན་པོའི་དྲུང་དུ་བརྟག་པ་ཞིག་ལ་འགྲོ་གསུངས་ནས་གསུང་བསྐང་ཚུགས་ཏེ་བརྟག་བསྒྲིལ་གནང་ཚེ་ཡབ་རྗེ་རྡོ་རྗེ་འཆང་དེ་ཉིད་ཞིང་གཞན་དུ་ཕེབས་ཡོད་འདུག་གསུངས་པ་དང་། བསེ་དགོན་ལ་སྤྱན་ཆེར་གྱིས་གཟིགས་ཏེ་དུས་གནས་ཀུན་ཏུ་མཆོད་ཅིང་བསྟོད་པ་ལ་ཁྱེད་རྣམས་ལས་བྱས་ཆུང་བ་སོགས་ཐུགས་ཆད་བཀའ་བསྒོ་མང་ཞིག་གནང་།