[A:༥༡༠]དེ་རྗེས་གཏམ་ངན་སྐྱེལ་བའི་བང་ཆེན་རྟིང་མ་སླེབས་ཚེ་དཔོན་སློབ་ཐམས་ཅད་དྲན་མེད་དུ་ཧད་པའི་མུརཐམས་ཅད་ཀྱིས་ཡབ་རྗེ་དེ་ཉིད་ཀྱི་སྐུ་དྲིན་རྗེས་དྲན་པའི་དགོངས་པ་རྫོགས་ཐབས་ལ་བློ་ཁ་ཆིག་སྒྲིལ་གྱིས་རིག་པ་ཧུར་བཏོན་རྗེ་ཉིད་ནས་སྐུ་གདུང་རིན་པོ་ཆེ་འདིར་མ་ཕེབས་བར་ང་རང་གི་གཟིམ་ཆུང་ནས་གསེར་དངུལ་ཇ་གོས་དར་སོགས་གང་ཡོད་མཆོད་འབུལ་དུ་འགྲོ་བ་གྱིས་གསུངས་པ་ནས་བཟུང་། སྐུ་གདུང་ཕེབས་ནས་ཟླ་བ་གསུམ་གྱི་བར་མཆོག་གི་རྡོ་རྗེ་འཛིན་པ་རྗེ་དྲུང་བསྟན་པ་རབ་རྒྱས་ཀྱི་གཙོས་པའི་དགེ་འདུན་ཚོགས་ནས་གདུང་མཆོད་རྒྱུན་མ་ཆད་པ་དང་། དགོངས་རྫོགས་དངོས་གཞི་བདུན་ཕྲག་རེ་རེའི་མཚམས་མང་འགྱེད་རྒྱ་ཆེ་བ་དང་། ཕྱོགས་མཐར་ཡང་མཆོད་བསྔོ་དང་མང་སྐོལ་དཔག་ཏུ་མེད་པ་བསྩལ། ཟླ་བ་བཅུ་གཅིག་པའི་གཞུག་ཏུ་སྐུ་གདུང་རིན་པོ་ཆེ་ཞུགས་སྦྱངས་ཞུས་ཏེ་གདུང་རྟེན་དངུལ་གདུང་མཐོང་བ་དོན་ལྡན་བཟོ་བཀོད་ཁྱད་འཕགས་ཐོག་སོ་གསུམ་པས་གཙོས་ཕྱི་ནང་གི་རྟེན་བཞེངས་རྒྱ་ཆེར་བསྒྲུབས་པ་རྣམས་གོང་ཡབ་རྗེའི་རྣམ་ཐར་དུ་གསལ་བ་བཞིན་དང་། འདི་ལ་དབུས་གཙང་ཕྱོགས་ཁྱབ་ཏུ་འབྲུམ་ནད་བྱུང་བར་རྗེ་ཉིད་ནས་ཁྱེད་རང་རྣམས་བག་ཚ་མི་དགོས་ང་ལ་འབྲུམ་པའི་གནོད་པས་མི་ཚུགས་ཞེས་ཡང་བསྐྱར་ཕེབས་པ་དང་། སྲུང་མ་བསེ་ཁྲབ་ཅན་གྱིས་ཀྱང་