[A:༥༡༡]སྐུ་ཉིད་ལ་འབྲུམ་དོགས་མི་ཡོང་ཚུལ་འབྱོར་ཡང་གཞན་གྱི་ཁ་ན་མ་ཐོ་འགོག་ཕྱིར་རེ་ཞིག་བཅད་རྒྱར་བཞུགས་པའི་ཁོངས་སུ་རྗེ་དྲུང་བསྟན་པ་རབ་རྒྱས་ནས་ཆོས་བཀའ་ལྷག་མ་རྣམས་མཐར་ཕྱིན་པར་གསན།
དེ་སྐབས་ཤིག་ཏུ་འོད་གསལ་དག་པའི་གཟིགས་མོར་ཡབ་རྗེ་རིན་པོ་ཆེ་དེ་ཉིད་ཕེབས་ནས་འབྱུང་འགྱུར་ལུང་བསྟན་འགའ་ཞིག་གནང་བར་བརྟེན་ཡབ་རྗེ་ཉིད་ཀྱི་སྐུ་བསྟོད་ཞལ་གསུངས་མ་རྒྱལ་བ་གཉིས་པ་ཤོ་ལོ་ཀ་གཅིག་ཐོག་མར་ཡོད་པའི་གསོལ་འདེབས་འདི་གསར་རྩོམ་གནང་།
ཟླ་བ་བཅུ་གཉིས་པའི་གཞུག་ཙམ་ནས་ས་སྐྱའི་ཡུལ་གྲོང་ལའང་འབྲུམ་སྐྱོན་རེ་གཉིས་བྱུང་ཚེ་སྒོ་རུམ་དུ་ཐུགས་བརྟག་གནང་བར་སྐུ་ཉིད་ལ་ཉེས་སྐྱོན་ངོ་མ་ཤར་ཡང་གཞན་ངོར་ཉེས་མེད་དུ་དགོངས་ནས་རེ་ཞིག་བྱས་འགྱུར་དུ་ཕེབས། སང་ཉིན་དེར་མཆོད་དཔོན་ངག་དབང་ཆོས་ལྡན་ལ་འཕགས་མགོན་ཡིད་བཞིན་ནོར་བུའི་དྲུང་འདིར་མཆོད་གཏོར་དམ་རྫས་བཀོད་ལེགས་ཤིག་གྱིས་དང་། ངེད་རྣམས་ཀྱིས་མི་དབང་རྣམ་རྒྱལ་རྡོ་རྗེ་སྔོན་འདི་ཕྱོགས་སུ་ཕེབས་མ་མྱོང་བར་རྟེན་གནས་ངོ་སྤྲོད་བྱེད་གསུངས་ཏེ་ཕུག་པ་སོ་སོར་ཐུགས་རྒྱུས་ཤར་མར་མཁྱེན་པས་འདི་ནས་འདི་ན་ཤོག་གསུངས་པ་དང་བཅས་རྟེན་གནས་ཐམས་ཅད་ཐོགས་མེད་དུ་ངོ་