R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༥༡༢
[A:༥༡༢]སྤྲོད་པ་གནང་། ཉིན་བཞིན་ཞབས་བསྐོར་ལ་ཕེབས་མུར་སྐབས་ཤིག་བྱས་འགྱུར་རྒྱལ་སྒོ་ཐོན་ཙམ་ནས་སྐུ་ཉིད་ཏལ་མར་སྔོན་ལ་ཕེབས་ཏེ་སླར་ཚུར་ཕེབས་པ་ཉིན་ཁ་ཤས་བྱུང་བས་ཉིན་གཅིག་ཕྱག་མཛོད་སོགས་ནས་གང་ཡིན་བལྟར་ཕྱིན་པས་བྲག་ངོས་ཤིག་ནས་ཏིར་མཆུ་ནས་ཐོན་པའི་ཚད་ཙམ་གྱི་ཆུ་དཀར་དྭངས་ཤིག་འབབ་ཀྱིན་འདུག་པ་རྗེ་ཉིད་ལ་གང་ཡིན་ཞུས་པས་ཁ་ལུད་འདྲ་བསྐྱུར་བའི་ཤུལ་ལས་ཐོན་པ་ཡིན་ནམ་གང་ལྟར་དེར་ལྕོག་གཅིག་བཙུགས་ན་ལེགས་གསུང་། སང་ཡང་སྔར་ལྟར་ཕེབས་རྗེས་ཞབས་ཕྱི་རྣམས་ཀྱི་ཀྱང་སླེབས་པས་ཆུ་དེ་ནས་ཉིད་ཀྱིས་ཀྱང་གསོལ་འཁོར་རྣམས་ལའང་གནང་བར་མཛད། རེ་ཞིག་ནས་ཉམས་གྲིབ་ཅན་ཞིག་གི་རྐྱེན་ལྟ་བུས་ཆུ་དེ་ཆད་པའི་ཤུལ་དུ་འཁྱག་པ་སྦོམ་ཙམ་ཞིག་ལས་མི་འདུག་པ་དེ་དོན་ཕྱིས་སུ་བརྟགས་ཚེ་རྟེན་འབྲེལ་ཅུང་མ་འགྲིག་པ་མ་གཏོགས་ལྕམ་བཀྲ་ཤིས་དབང་མོ་དེ་ཉིད་ལ་ཡབ་རྗེ་རིན་པོ་ཆེའི་རྣམ་འཕྲུལ་ཞིག་འཁྲུངས་རྒྱུ་ཡིན་ཚོད་ཀྱི་བརྡའ་ལྟས་གཞན་ཡང་དེ་དང་དུས་མཚུངས་མང་དུ་བྱུང་འདུག་ཉིན་གཅིག་འཕགས་མགོན་ཡིད་བཞིན་ནོར་བུའི་ན་བཟའ་ཐམས་ཅད་གཡས་གཡོན་དུ་བསལ་ནས་སྐུ་རྗེན་པར་་ལྷོ་ཕྱོགས་སུ་ཞལ་ཆེར་གཅུས་པ་ཞིག་བྱུང་བས་སྔོན་སྒར་ཆེན་མཐུ་སྟོབས་དབང་ཕྱུག་ཁམས་ལ་ཕེབས་སྐབས་སུ་པུ་ཏྲ་ཆེན་པོ་ཞལ་ཤར་འཆུས་བྱུང་