R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༥༡༣
[A:༥༡༣]འདུག་པ་བཞིན་ད་ལོ་ཡང་རང་རེ་རྣམས་ལྷོར་འགྲོ་དགོས་པ་ཡིན་ནམ་གསུངས་པ་བཞིན་ཞག་ཤས་ནས་དབྱིངས་ཞབས་རིན་པོ་ཆེ་ནས་ལྷོར་འཆིང་ལ་ཕེབས་ན་ལེགས་ཚུལ་གྱི་བཀའ་ཤོག་འབྱོར། དེ་ནས་ཟླ་བ་གསུམ་པའི་ཚེས་ལེགས་པར་བྱས་འགྱུར་བླ་བྲང་ནུབ་ཀྱི་བདག་ཆེན་རྡོ་རྗེ་འཆང་གི་ཐུགས་དམ་མའི་མགོན་སྐུ་ལྡེབས་བྲིས་མའི་དྲུང་དུ་གསུངས་བསྐང་འཕྲིན་བཅོལ་མཛད་པའི་སྙན་ཤལ་བྲིས་སྐུའི་སྐུ་དཔུང་གཡས་པའི་སྟེང་དུ་ཟླ་བ་ཁ་ཤས་བར་གནས་པ་བྱུང་། ཟླ་བ་དེ་གའི་ཚེས་བཅུ་ལ་གདན་སར་ཕེབས། ཉེ་འགྱངས་མགོན་ཁང་སོ་སོར་བཞེད་དོན་འགྲུབ་པའི་ཁ་བྱང་ཅན་གྱི་སྙན་ཤལ་བཅས་གསུང་བསྐང་གནང་། ཁྱད་པར་བསེ་མགོན་ཡིད་བཞིན་ནོར་བུའི་དྲུང་དུ་གཏོར་གཞི་གསར་འཛུགས་སོགས་གནང་བར་བསེ་མགོན་ཆེན་པོ་སྐུ་བོངས་ཆེ་ཞིང་སྣུམ་བག་ལྡན་ལ་ཞལ་མཁུར་གཉིས་ལས་འོད་འཕྲོ་ཞིང་དྲ་སྒོ་ཕྱོགས་སུ་སྐུ་བཏུད་ཉམས་ཆེ་བ་སོགས་ངོ་མཚར་བར་བྱུང་། དེ་ནས་ཡབ་རྗེ་ཆོས་ཀྱི་རྒྱལ་པོའི་ཕྱི་རྟེན་མཐོང་གྲོལ་ཆེན་མོའི་ས་གཞི་དཔལ་དགྱེས་པ་རྡོ་རྗེའི་དཀྱིལ་འཁོར་གྱི་ས་ཆོག་གི་སྒོ་ནས་བྱིན་གྱིས་བརླབས། དངུལ་གདུང་རིན་པོ་ཆེའི་སྲོག་ཤིང་གཙུག་ཏོར་དྲི་མེད་ནས་བྱུང་བ་བཞིན་གྱི་འཛུགས་ཆོག་མཛད། བཟོ་བོ་རྣམས་ལ་སྔར་གྲུབ་གྱི་ལེགས་སོ་དང་། སླད་མའི་ཞལ་བཀོད་གནང་ཕེབས་