[A:༥༡༤]འགྲུལ་ལ་བསྣམས་རྒྱུའི་རྔ་ཐུག་གཉིས་ལ་ཚར་ཆེན་རྡོ་རྗེ་འཆང་གི་རུ་མཚོན་འཛུགས་པའི་ཆོ་གའི་སྒོ་ནས་ཐུག་གསོལ་སྨིན་པར་མཛད།
ཟླ་བ་དེའི་ཉི་ཤུ་གསུམ་ལ་གདན་ས་ནས་ཆིབས་བཏེགས་ཏེ་བཀྲ་ཤིས་ཡང་རྩེར་བཞུགས། དེ་དགོང་འདམ་ཐོག་ཕྱོགས་ཀྱི་སྦྱིན་བདག་ཨ་བཀྲ་ཟེར་བ་འབུལ་བ་དང་བཅས་དད་མཇལ་དུ་འབྱོར་བར་ཕྱག་དབང་སོགས་རེ་སྐོང་དུ་བསྩལ། རིམ་གྱིས་ཕག་རིར་ཕེབས་ནས་གཞུང་འབྲུག་གི་སྐུ་ཚབ་སོ་སོར་ པང?བང་ཡིག་རེ་གནང་། ཚེས་དགུར་ཆིངས་ཁག་གཞན་རྣམས་དང་ཕྱོགས་འདོམས་ཤོ་སྨུག་ཏུ་བཞུགས་སྒར་བཏེག་སྟེ་ཕན་ཚུན་འཕེན་སྐོར་ཅི་ཡང་ཞིག་མཛད་ཀྱང་གཞུང་འབྲུག་ཐུགས་འདོད་ཆེར་མ་སྙོམས་པས་བཞུགས་འགོར་སྐབས་གསེང་དུ་དོན་གཉེར་རྣམས་ལ་ཆོས་བཀའ་རྒྱ་ཆེར་གནང་། བླ་མ་གོང་མ་མང་པོ་ལ་གསོལ་འདེབས་ཤོ་ལོ་ཀ་རེ་རེ་ཙམ་ཐུགས་རྩོམ་གནང་ཞིང་བླ་མ་ལྷ་དང་སྲུང་མའི་ཚོགས་ལ་སེམས་ཅན་སྤྱིའི་བདེ་ཐབས་མྱུར་འགྲུབ་ཀྱི་ཐུགས་སྨོན་རྩེ་གཅིག་ཏུ་མཛད། ཕག་རི་ཐང་དུ་ཡབ་རྗེ་རིན་པོ་ཆེ་ཞི་བར་གཤེགས་པའི་གནས་དེར་གོང་མ་དེ་ཉིད་དགོངས་པ་རྫོགས་པ་དང་སྐྱེ་དགུའི་བསོད་ནམས་གསོག་པའི་ཕྱི་རྟེན་དུ་ཁང་བུ་བརྩེགས་པའི་མཆོད་རྟེན་ཆེ་ལེགས་ཤིག་ཀྱང་བཞེངས་པའི་ཞལ་བཀོད་