R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༥༡༥
[A:༥༡༥]གནང་སྟེ་ཚེགས་མེད་གྲུབ་ནས་རབ་ཏུ་གནས་པ་སྨིན་རྒྱས་མཛད་སྐབས་འཇའ་འོད་ཀྱི་གུར་དང་མེ་ཏོག་གི་ཆར་སོགས་ཡ་མཚན་མཐུན་སྒྲུབ་ཏུ་བྱུང་། མཆོད་རྟེན་དེ་ལ་ཉམས་གསོ་སྐུ་དཀར་སོགས་རྒྱུན་གནས་དཀར་ལེབ་དགོན་པས་དགོས་པའི་རྟེན་གསེར་ཕག་ཞོ་བཞི། དངུལ་དང་། ཇ་སོགས་སྦྱོར་འཇགས་གནང་། འདུམ་འཆིངས་ཀྱི་དོན་ཕན་ཚུན་ནས་ངོས་ལེན་ཞིག་མ་བྱུང་བས་འཆིང་པ་རྣམས་སྟོང་ལོག་ཏུ་ཉེ་ཚེ། རྗེ་ཉིད་དཔོན་སློབ་རྩེ་གདོང་ཞབས་དྲུང་ཁྲི་ཆེན་བཅས་ཤར་ནང་ལ་ཕེབས་པའི་གཅེས་སྒར་བཞུགས་སྐབས་ཆར་ཆེའི་སྒང་ཡིན་པས། དེ་གའི་གཞི་བདག་བདུད་པོ་ལ་གཏོར་མ་འཕྲིན་བཅོལ་གནང་བས་སང་ཤར་ནང་དུ་མ་ཕེབས་བར་ཆར་ཐིགས་གཅིག་ཀྱང་མ་བབས་པས་ངོ་མཚར་བའི་གནས་སུ་བྱུང་། འབྲུག་སྐུ་ཚབ་རྣམས་ལ་ཁེ་ཉེན་གྱི་མཐའ་འདོམས་ལྷུག་གནང་མཛད་པས་ཁོང་རྣམས་ཀྱིས་ཀྱང་བཀའ་དང་ལེན་གྱི་འཛོམ་དུས་སོགས་ངོ་ཐོན་ཞུས། སླར་བཞུགས་སྒར་དུ་ཕེབས་པའི་ལམ་བར་ཐུགས་རྗེ་ཆེན་པོའི་བྲག་ཟེར་བ་དེར་ཕེབས་ཚེ་འདི་ན་གཏེར་ཞིག་ཡོད་པར་འདུག་གསུངས། དེ་ནས་རིམ་གྱིས་རྗེ་ཉིད་དང་བླ་མ་ལྷ་ཡི་ཐུགས་རྗེས་ཕན་ཚུན་གྱི་སྐུ་ཚབ་ངོ་བོ། ལྷོ་བོད་ཀྱི་ས་སྣེའི་རྫོང་གཉེར་འདུས་ཆེ་བ་རྣམས་ལ་ཡེ་ཤེས་ཆོས་སྐྱོང་དཔང་འཛུགས་ཀྱི་དབུ་རྩི་སོགས་མཐའ་འདོམས་གྲུབ་པས།