R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༥༡༦
[A:༥༡༦]ཐམས་ཅད་ཀྱིས་བླ་མ་ས་སྐྱ་པས་སེམས་ཅན་ཐམས་ཅད་འཁོར་བའི་སྡུག་བསྔལ་ལས་བསྐྱབས་ནས་བདེ་བ་ལ་བཀོད་སོང་ཟེར་བའི་གཏམ་ལབ་འུར་དིང་དིང་བཅས་ལེགས་འབུལ་གྱ་ནོམ་པ་སྟོབས་པའང་བྱུང་། ཡོས་ལོ་ཧོར་ཟླ་གཉིས་པའི་ཚེས་གསུམ་ལ་ཕག་རི་ནས་ཆིབས་ཁ་བསྒྱུར་ཏེ་བཞུགས་རིང་དང་ཕེབས་ལམ་ཐམས་ཅད་དུ་སྐྱེ་དགུ་མཐའ་དག་སྨིན་གྲོལ་ལ་བཀོད་ཅིང་དགོན་གནས་རྣམས་ལ་མང་འགྱེད་སོགས་མཆོད་སྦྱིན་ཕུལ་དུ་བྱུང་བ་སྩལ་བཞིན་པ་ནས་ཚེས་བཅུའི་ཉིན་གདན་ས་ཆེན་པོར་ངོ་མཚར་བའི་བཀོད་པ་རྒྱ་ཆེན་དང་བཅས་ཕེབས། མགོན་ཁང་སོ་སོར་གཏང་རག་རྒྱ་ཆེར་གནང་། དུས་རིམ་དྲུག་ཅུ་པའི་གཏོར་བཟློག་དང་བསྟུན་སྒོ་རུམ་ཡེ་ཤེས་མགོན་པོའི་དྲུང་དུ་བཅད་རྒྱ་གདུན་ཕྲག་གཅིག་མཛད། ལོ་དེའི་མཇུག་ཏུ་ངོར་མཁན་ཆེན་སངས་རྒྱས་ཕུན་ཚོགས་འབུལ་བ་རྒྱ་ཆེན་དང་བཅས་བྱོན་པར་བཀའ་ཆོས་སོགས་ལུགས་གཉིས་ཐུགས་གཉེས་པར་མཛད། འབྲུག་ལོའི་ནང་ངོར་མཁན་ཆེན་ལྷུན་གྲུན་དཔལ་ལྡན་གདན་དྲངས་པར་སྤྱན་མི་གསལ་ཚུལ་གྱིས་དགོངས་ཞུས་བྱུང་བར་སྐྱོན་མེད་འབྱོན་དགོས་བསྐྱར་མར་ཕེབས་པ་ལྟར་བྱོན་པ་ལམ་འབྲས་ཚོགས་བཤད་སྨིན་རྒྱས་གསན་པ་གྲུབ་མཚམས་རྒྱ་གར་གྱི་