[A:༥༡༧]སྨན་པ་ཨམ་ཛྙི་དྷ་ན་འཇུན་བྱ་བ་ལག་རྩལ་ཆེ་ཞིང་མིག་འབྱེད་ལ་མཁས་པ་དེ་འབྱོར་བས་རྟེན་འབྲེལ་རང་འགྲིག་ངོས་རྗེ་ཉིད་ནས་མཁན་ཆེན་ལ་སྤྱན་དབྱེ་མཛད་དགོས་ཤིང་བར་གཅོད་མི་འོང་ཚུལ་ཕེབས་པར་མཁན་ཆེན་ནས་ད་ན་སོ་རྒས་པ་སོགས་ནས་མིག་གི་དགོས་པ་ཆེར་མེད་ཀྱང་བཀའ་བཞིན་དབྱེ་བར་ཞུས་པ་ལྟར་ཕྱེ་བས་ཇི་ཕེབས་ལྟར་འཕྲལ་ཟུག་ཙམ་ཡང་མ་བྱུང་བར་གསུང་ཆོས་གཞན་ཡང་རྒྱ་ཆེར་གསན་པ་མཐར་ཕྱིན་པར་མཛད། ཕར་ཡང་བཀའ་ཆོས་དུ་མ་གནང། ཐུབ་བསྟན་རྣམ་རྒྱལ་གྱི་མཁན་ཆེན་བཟང་པོ་རྒྱལ་མཚན་སྤྱན་དྲངས་ཏེ་གོང་མ་ལྔའི་བཀའ་འབུམ་གྱི་ལུང་གསན་པའི་དབུ་བཙུགས། རེ་ཞིག་ནས་ཆོས་མཚམས་མཛད་དེ་ཕྱིས་སུ་གང་ཕེབས་ནས་བཀའ་འབུམ་འཕྲོས་དང་། གཞན་ཡང་སྔ་ཕྱིར་མཁན་ཆེན་འདི་ཉིད་ལས་ཆོས་བཀའ་དཔག་ཏུ་མེད་པ་ཞིག་གསན་པའང་གསན་ཡིག་ཏུ་གསལ། ཕན་ཕྱི་དཔོན་དཔལ་འབྱོར་བསམ་འགྲུབ་པས་གསེར་དངུལ། དར་གོས། བྱི་རུ། སྤོས་ཤེལ། རྟ་ཕྱུགས། སྨན་ལྟང་། མར་ལྟང་སོགས་དངོས་པོའི་འབུལ་བ་བསམ་གྱིས་མི་ཁྱབ་པ་བཅས་དད་མཇལ་དུ་འབྱོར་བར་བཀའ་ཆོས་སོགས་རེ་སྐོང་དུ་བསྩལ།
ཁོང་རང་དད་པ་དབང་མེད་དུ་སྐྱེས་པའི་ཤུགས་ཀྱི་མཎྜལ་སྐབས་གསེར་དངུལ་མཆོད་པར་གཏོར་བའི་རྡོག་པོ་མཆོད་དཔོན་