[A:༥༡༩]འདུག་པས་གསོལ་རས་གང་གནང་མཛད་ནས་འཇགས་པར་ཞུ་ཟེར་བ་ཞིག་སླེབས་པ་སྙན་དུ་དྭངས་འཕྲལ་དེ་སྤུས་དགའ་ལོད་གང་ཡོད་ཀྱང་ཉོ་དགོས་གནང་བར་དངུལ་སྲང་བརྒྱད་ཀྱིས་ཁུགས་པའི་རོལ་མོ་དེ་ལ་ཞིང་སྐྱོང་འབྲུག་སྒྲར་འདོགས་པར་མཛད་བསམ་བརླིང་དུ་འབྱོན་སྐབས་ལུང་པ་འཇའ་སྤྲིན་གྱིས་གང་བ་དང་། ཇོ་མོ་རྟགས་མཚན་མའི་རེ་རྩེ་ནས་འཇའ་ཁ་དོག་ལྔ་རྗེ་ཉིད་ཀྱི་ཕྱོགས་སུ་ཟུག་པ་སོགས་དགེ་ལྟས་ཡ་མཚན་པ་བྱུང་། སྐབས་དེར་ཀྱཻ་རྡོར་ཞལ་ཐང་། བིཏླྦ་པ་གྲུབ་བརྒྱས་བསྐོར་བ། ས་ཆེན་གྱི་སྐུ་ཐང་། ས་པན་གྱི་རྣམ་ཐར་ཞལ་ཐང་རྣམས་འབུལ་མི་བྱུང་བ་སོགས་རྟེན་འབྲེལ་ལེགས་པ་དང་བཅས་དམ་རྫས་སྒྲུབ་པ་ཚུགས་ནས་གསང་སྔགས་བདེ་ཆེན་གླིང་གི་འཁོར་ཡུག་ཐམས་ཅད་དྲི་བཟང་གི་ཁྱབ་པར་བྱུང་།
དགུང་གྲངས་སོ་བཞི་པར་ཧོར་ཟླ་ལྔ་པའི་ནང་དུ་སྐུ་ཉིད་ཀྱི་རྐྱེན་སེལ་ལ་བཅད་རྒྱ་བདུན་ཕྲག་གསུམ་པ་ཞིག་མཛད། ཟླ་མཇུག་ཏུ་སྐུ་རྐྱང་གིས་མགོན་པོ་ཁྲོ་བཅུའི་གཏོར་བཟློག་ཅིག་ཀྱང་གནང་།
སྐབས་འདིར་རྒྱལ་ལྟས་འཚུབ་ཆེེར་བྱུང་བ་རྗེ་ཉིད་ནས་སྒོ་རུམ་དུ་ལྗགས་བཟླས་ཉིན་གསུམ་མཛད་རྗེས་མགོན་པོའི་སྒོ་ནས་དྲག་པོའི་སྦྱིན་སྲེག་མཛད་པར་བརྩམས་པས་གཞན་གྱི་རྨི་ལམ་དུ་འདབ་ཆགས་སོགས་སྲོག་ཆགས་འགའ་ཞིག་ཟིན་ནས་མེར་