R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༥༢༠
[A:༥༢༠]བསྐྱུར་བ་དང་། རལ་གྲི་མེ་འབར་བས་ནམ་མཁའི་མཐོངས་མྱུལ་བ་སོགས་བྱུང་བ་དང་མཐུན་པར་རྒྱལ་འགོང་གི་གནོད་པའང་རང་ཞིར་སོང་། གཞན་ཡང་གདུག་འདྲེ་འགའ་ཞིག་ཏིང་ངེ་འཛིན་གྱིས་བཀུག་སྟེ་ལམ་བསྟན་ཆོས་བཤད་མཛད་ནས་མ་རུངས་པའི་སྐྱེ་རྒྱུན་གཅོད་པར་མཛད། དེ་རྗེས་སྐུ་མཚམས་བདུན་ཕྲག་ཅིག་གནང་སྐབས། གུར་མགོན་གྱི་སྐུ་བརྙན་གསལ་པོ་ཞིག་བྱུང་གསུངས་པའི་སང་དེར་གཞན་ཞིག་གིས་གསོལ་རས་ཞུ་རྟེན་གུར་མགོན་གྱི་སྐུ་བརྙན་ཁྲུ་གང་བ་ཞིག་འབུལ་མི་བྱུང་། ལྷ་ཁང་ཆེན་མོའི་བཙུན་ཆུང་རྣམས་ལ་ཆོས་སྤྱོད་རྒྱུགས་བཞེས་མཛད་དེ་ཐུགས་དགྱེས་ཉམས་ཆེན་པོས་ཐམས་ཅད་ལ་འབྲས་སིལ་ཤིང་ཏོག་རིགས་སོགས་བྱ་དགའ་གནང་། རབ་བྱུང་གི་སྡེར་ཕྱག་མཛད་པ་སོགས་བསྟན་པའི་ལ་རྒྱར་ཁྱབ་གང་ཆེ་མཛད། དགུང་གྲངས་སོ་ལྔ་པར་གོང་མ་ཡབ་མེས་རིན་པོ་ཆེ་རྣམ་པ་གཉིས་གྱིས་གཙོས་པའི་སྔོན་བྱོན་རྣམས་ཀྱི་དགོངས་པ་རྫོགས་བྱེད་དང་བསྟན་པའི་བཙས་སུ་དགོངས་པའི་ཆོས་ཀྱི་རྒྱལ་པོ་འཕགས་པ་རིན་པོ་ཆེའི་གསེར་འབུམ་མཐོང་གྲོལ་ཆེན་མོར་ཉམས་གསོས་དང་གསེར་ཆབ་གསར་གསོལ། འདྲ་སྐུ་རྨེ་བ་ཅན་ལ་དཔེ་བྱས་པའི་སྐུ་བརྙན་དང་། ཡབ་རྗེ་རིན་པོ་ཆེའི་སྐུ་བརྙན་གསར་བཞེངས། གསེར་འབུམ་གྱི་ཆོས་འཁོར་ཡན་ལ་གསེར་ཟངས་བསྐྱར་འབུལ།