[A:༥༢༣]ཚང་མ་གསར་བཞེངས། སྔར་མེད་གསེར་ཟངས་ཀྱི་སྐུ་བརྙན། རྟེན་གསར་རྙིང་ལ་གཟུངས་འབུལ་ཚུལ་ལྡན་རབ་གནས་སྨིན་རྒྱས་གནམ་སའི་རྒྱན་མཆོད་པའི་རྒྱུན་སོགས་རྨད་དུ་བྱུང་བ་བསྐྲུན། ཆོས་ཁྲི་ཆེན་མོའི་མདུན་གྱི་རྡོ་གཅལ་ལྕགས་རི་ཆེན་མོ་ཡང་དངོས་མི་གཙང་བས་ལོ་ལོ་བཞིན་ཉམས་གསོ་དགོས་འདུག་པར་འགྲམ་བརྩིག་རྨང་ནས་བསླང་བའི་འཁོར་ཡངས་བརྟན་བརླིང་སྤང་བད་གཡམ་བསྒྲིགས་སོགས་ཁྱད་མཚར་བསྒྲུབས་ནས་པུ་ཏྲ་མིང་སྲིང་ལ་བཅོལ་གཏམ་གནང་བས་ཆུ་དང་ཁད་ཉེ་སོགས་ལ་དོགས་པ་གཏན་ནས་མེད་པ་བྱུང་། གཞན་ཡང་དབུ་རྩེ་རྙིང་མ་དང་བླ་བྲང་ཕུན་ཚོགས་གླིང་སོགས་ཀྱིའང་སྤེན་བད་བཅད་གཡམ་སོགས་འགའ་ཞིག་ཉམས་གསོ་མཛད། ལོ་ཕྱི་མའི་དགུང་ཀེག་གི་དོགས་སེལ་ལ་ཐུགས་དམ་ཟམ་མོ་འགའ་ཞིག་ཀྱང་འཕར་མ་རྒྱུན་རིང་གནང་།
དགུང་གྲངས་སོ་བདུན་པར་ཞབས་འབྲིང་བ་རྣམས་ཀྱིས་དགུང་ཀེག་སྟབས་བཅད་རྒྱ་གནང་བར་ཞུས་པས། ཀེག་སྐྱོན་མེད་པ་ངས་ཁག་འཁུར། ཁྱེད་རང་ཚོ་ཞིག་གསོས་སྔར་འཕྲོས་རྣམས་དང་ཁྱད་པར་བདེ་མཆོག་ཕོ་བྲང་གི་ཉམས་གསོས་འདི་བཞིན་དགོས་ཚུལ་སོགས་ཕེབས། ཐེག་ཆེན་ཆོས་རྗེའི་ཕྱི་རྟེན་དང་། གསེར་ཁང་རྙིང་མའི་ལམ་འབྲས་བརྒྱུད་པའི་སྐུ་བརྙན་རྣམས་དང་། གྲགས་བློ་མགོན་ཆེན་རིག་འཛིན་ལྷ་ཁང་།