R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༥༢༤
[A:༥༢༤]ལྷ་ཁང་རྩེ། སྒྲོལ་མ་ལྷ་ཁང་། མངོན་དགའ་བདེ་ལྡན། སྒོ་རུམ་བླ་མ་ལྷ་ཁང་། རྫོང་ཆུང་ལྷ་ཁང་། ཉི་ལྡེ་བླ་བྲང་། བདེ་ཆེན་གླིང་མགོན་ཁང་། གཡུ་ཐོག་མགོན་ཁང་། རིན་ཆེན་སྒང་ལྷ་ཁང་བླ་བྲང་གྲངས་མོ་ཆེ། ལྷ་ཁང་ཆེན་མོའི་ཁྱམས་ཆེན་གྱི་ཀོ་དྲ་རྒྱུག་དྲ་སྒོག་ཧྲལ་དུ་སོང་བ་རྣམས་སོགས་ཉམས་གསོ་གང་དགོས་དང་གསར་བཞེངས་བྲིས་འབུར་མཆོད་རྒྱུན་སོགས་མཐར་ཕྱིན་པར་གནང་། དེ་ནས་ཕུར་སྒྲུབ་དང་ཁྱད་ཉེའི་སྐབས་གནམ་ཆར་སོགས་ཀྱི་རྐྱེན་ཆེར་མེད་པར་གློ་བུར་དུ་ཤལ་ཁ་ཕྱོགས་ནས་ཆུ་ལོག་ཆེན་པོ་ཞིག་རྡོལ་བའི་གདན་སའི་མདུན་གྱི་ཟམ་པ་རྣམས་ཀྱང་ཁྱེར། བྱང་རྒྱུད་ཀྱི་ཁང་པ་རྣམས་ལའང་ཉེན་གྲབས་བྱུང་བར་ཕྱག་ནས་གནང་བས་འཕྲལ་དུ་ཆུ་བྲི་བའི་ཡ་མཚན་བྱུང་ཡང་། ཀུན་གྱིས་ཁྲོམ་ཆུ་འདི་ལྟར་བྱུང་བ་སྐུ་དེ་དག་གི་ངོ་ཡིན་ཐག་ཆོད་པས་སྐུ་རིམ་ལ་འབད་པ་དང་ཕུར་སྒྲུབ་ཀྱི་ཚོགས་དབུར་མི་ཕེབས་པ་ལེགས་ཚུལ་མགྲིན་གཅིག་ཞུས་པར། ངེད་ལ་རེ་ཞིག་གེགས་དང་བར་གཅོད་མེད། ཆུ་ལོག་འདི་ནི་འབྱུང་བའི་རང་ཤུགས་སམ། གཞན་གྱི་རྦོད་གཏོང་གི་རྣམ་རྟོག་བསླང་ཆེད་ཅིག་ཡིན་ལས་ཆེ་ཡང་ངེད་རང་ལ་ཡ་ང་བག་ཚ་མེད་པས་རང་ཁག་རང་གིས་ཐེག ཕུར་སྒྲུབ་ལ་འགྲོ་བ་རང་སྐུ་རིམ་ཡིན་པས་ཅིས་ཀྱང་འགྲོ། ཁྱེད་རང་ཚོས་ཟམ་པ་འཛུགས་གྲབས་ཀྱིས་དང་