[A:༥༢༥]ཚེགས་མེད་ཚུགས་ཡོང་གསུངས་པ་བཞིན་ཉིན་གསུམ་གྱི་རིང་ལ་ཟམ་པ་གསུམ་ཆར་བརྟན་བརླིང་ལེགས་པར་ཚུགས། དེ་སྐོར་བཀའ་ཕེབས་ཇི་ལྟ་བ་བཞིན་གེགས་འཚེ་སོགས་མ་བྱུང་བས་ཕྱིས་ཞིག་སྐུ་རྩེད་ཀྱི་ཚུལ་དུ་ཁྱེད་རྣམས་བླ་མ་ལ་ཡིད་མི་ཆེས་པའི་སྐྱོན་ཞིག་ཡོད། ད་ཡིད་ཆེས་སམ་སོགས་ཀྱང་གནང་། དེ་ནས་ཐེག་ཆེན་རིན་པོ་ཆེེའི་ཐུགས་དམ་མའི་ཀྱཻ་རྡོར་བློས་བསླང་གི་ཉམས་གསོ་རབ་གནས་སོགས་མཛད།
དགུང་གྲངས་སོ་བརྒྱད་པར་མདར་སྟོད་ནས་ཆོས་རྗེ་ངག་དབང་བསྟན་པ་རབ་རྒྱས་པ་ཞི་བར་གཤེགས་ཚུལ་གསན་འཕྲལ་གཟིམ་དཔོན་བསོད་ནམས་བློ་གྲོས་སྐུ་གདུང་གི་ཞབས་ཏོག་ཏུ་བརྫངས་པར་མཛད་དེ་བསླབས་སྟོན་ནང་བཞིན་གདུང་མཆོད་ཞུགས་སྦྱངས་བཅས་མཐའ་གཙང་བསྒྲུབས་པའི་གདུང་བྱོན་ཡིག་འབྲུ་སོགས་ཁྱད་པར་བ་རྣམས་ཟུར་བཏུས་ཀྱི་གདུང་རུས་རྣམས་གདན་སར་རྗེ་ཉིད་ཀྱི་དྲུང་དུ་ཕུལ་བས་ཟླ་ཤས་བར་མཆོད་པའི་རྟེན་དུ་བཞུགས་སུ་གསོལ་ཞིང་དེ་མཚམས་ནས་སྦྱངས་བཏུལ་ལ་ཕྱག་ཚ་གནང་སྟེ་རྣམ་འདྲེན་དེ་ཉིད་ཀྱི་འདྲ་སྐུ་བཞེངས་པ་སོགས་དགོངས་རྫོགས་རྒྱ་ཆེར་མཛད།
དེ་ལོ་བྱང་ཆུབ་གླིང་གི་སྤྲུལ་སྐུ་ཡོན་ཏན་རྒྱ་མཚོ་སྐུ་གཤེགས་པའི་ཞལ་ཆེམས་སུ་ཁོང་གི་གདུང་རུས་རྣམས་གདན་སར་ཕུལ་ལ་