R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༥༣༣
[A:༥༣༣]ལམ་བར་དུ་སྔོན་ཆོས་རྒྱལ་འཕགས་པས་བཏབ་པའི་སྲམ་དགོན་གསར་ཞེས་པའི་གཙུག་ལག་ཁང་ཉམས་གོག་ཆེས་པར་ཉམས་གསོའི་རྟེན་དང་གཉེར་བདག་ཏུ་སྲམ་པ་སྔགས་འཆང་བསྐོ་བཞག་མཛད། ལམ་བར་གྱི་འགྲོ་བ་རྣམས་ཕན་བདེར་སྦྱོར་བཞིན་པ་ནས་ཕེབས་བསུ་རིང་ཐུང་སོགས་སྔར་རྒྱུན་བཞིན་གྱི་གདན་ས་ཆེན་པོར་ཕེབས་ཏེ་སྲུང་མའི་ཚོགས་ལ་གཏང་རག་སོགས་རིམ་སེལ་མཛད། སྡེ་དགེ་བླ་མ་སངས་རྒྱས་དཔལ་བཟང་དཔོན་གཡོག་རྣམས་འབུལ་ཆེན་བཅས་འབྱོར་བ་དང་། རེ་ཞིག་ནས་ངོར་མཁན་ཆེན་སངས་རྒྱས་ཕུན་ཚོགས་ཀྱང་ཕེབས་པ་བཅས་གཞི་བྱེས་ཆོས་ཞུ་བ་དུ་མར་བདག་མེད་ལྷ་མོ་བཅོ་ལྔའི་དབང་དང་། ཆོས་སྲུང་སྐོར་དུ་མ། འཁྲིད་བརྒྱ་སོགས་ཆོས་འཁོར་རྒྱུན་རིང་དུ་བསྐོར། གདུང་རྒྱུད་མྱུར་བྱོན་སྐུ་རིམ་སྒོ་རུམ་སྐྱེད་ལྷས་སོགས་སུ་སྐུ་མཚམས་བདུན་ཕྲག་རེ་གནང་། དགུང་གྲངས་ཞེ་གསུམ་པར་གོང་ས་རིན་པོ་ཆེ་དྲུག་པ་ཆེན་པོ་མཇལ་བཞེད་སོགས་ཀྱིས་དབུས་ཕྱོགས་སུ་ཆིབས་བསྒྱུར། རོང་དགའ་བདེར་ཕེབས་ཚེ་ཁོང་རྣམས་ལ་གདོན་རྐྱེན་དྲག་པོ་ཞིག་གིས་མི་གྲངས་མང་པོ་ཤི་ཆད་དང་ཆོ་འཕྲུལ་བཏུད་མ་ལ་ནུས་ལྡན་གྲགས་ཆེན་དུ་མར་སྐྱབས་ཞུས་བྱས་ཀྱང་ཕན་མེད་ཀྱི་ཁར་སྲུང་རིམ་མཁན་རྣམས་རྐྱེན་དབང་དུ་འགྲོ་བའི་བརྟོལ་མེད་ཅིག་བྱུང་