[A:༥༣༥]རིམ་ཕེབས་ལས་ཀྱང་རྗེ་འདི་ཉིད་ལ་དད་སྤྲོ་འབུལ་མཇལ་ཚན་ཆེ་བ་བྱུང་།
དེ་ནས་རྩེ་ཤོད་ནས་གནང་ཆ་ཕེབས་སྐྱེལ་སོགས་སྔར་རྒྱུན་བཞིན་གྱི་བསམ་ཡས་ཕྱོགས་སུ་ཆིབས་བཏེག བསམ་ཡས་རབ་བྱུང་ཆོས་སྡེའི་འཆམ་མགོན་སེར་ཕྲེང་གི་བཀོད་པ་བཅས་ཕེབས་བསུ་ཞུས་ནས་ཕོ་བྲང་གོང་དུ་བཞུགས། འདི་སྐབས་ཤིག་ནས་གནོད་སྦྱིན་ཆེན་པོའི་སྐུ་རྟེན་པར་སྐབས་རེ་འབྱུང་པོ་གཞན་ཞིག་ཀྱང་འབབ་རྫུ་ཡོང་བ་ཞིག་བྱུང་བས་ལྷ་ཚེས་དང་བསྟུན་པའི་ཆོས་སྐྱོང་ཡིན་ཟེར་བ་དེ་ཁོག་འབེབས་བྱས་པའི་མཇལ་འཕྲད་སོགས་ཡབ་མེས་ཀྱི་སྲོལ་རྒྱུན་ལྟར་མཛད། ཆོས་སྐྱོང་དེས་ཀྱང་ལྷ་རྒྱལ་བསྐུལ་བ་སོགས་སྔར་ལུགས་བཞིན་བྱུང་། དཀར་ཞལ་མཐིལ་དུ་སེར་སྐྱ་གྲངས་ལས་འདས་པར་ཚེ་དབང་ཞིག་ཁྲོམ་ཆོས་སུ་གནང་ཉིན་རྒྱལ་པོ་ཤིང་བྱ་ཅན་སྐུ་ཕེབས་ཀྱིས་རྗེ་ཉིད་ལ་ཆེད་དུ་བརྗོད་པའི་བསྟོད་ཚིག་དུ་མ་དང་བཅས་གདུགས་དཀར་པོ་ཞིག་ཕུལ་ཏེ་ལྷ་རྒྱལ་ལན་གསུམ་བསྐུལ་བར་མཛད། རྗེ་ཉིད་ནས་ཀྱང་སྒྲོན་དར་གནང་། སྒྲགས་སུ་གནས་གཟིགས་ལ་ཕེབས་ཏེ་སྒྲུབ་ཕུག་སོ་སོ་ཞིབ་མཇལ་དང་བླ་མའི་རྣལ་འབྱོར་སོགས་གནང་། དཀོན་གཉེར་གྱི་ངག་ནས་ཁ་སང་ཞག་ཤས་ནས་ཁོག་ཞུགས་ཅིག་གིས་ས་གནས་ཀྱི་སྐྱེས་བུ་དམ་པ་ཞིག་གནས་གཟིགས་ལ་འབྱོན་པ་ཡོད་