R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༥༣༦
[A:༥༣༦]པས་ཕེབས་ལམ་སོགས་འཆོས་དགོས་རྣམས་བདེ་བར་གྱིས་ཤིག་ཟེར་བྱུང་བ་རྗེ་འདི་ཉིད་ཕེབས་པས་ཡིན་པར་འདུག་ཟེར། སང་རྡོར་བྲག་རིག་འཛིན་ཆེན་པོ་དཔོན་སློབ་མཇལ་ཁར་འབྱོན་པར་ཐུགས་སྤྲོ་གནང་། གཏེར་སྟོན་འདུད་འདུལ་གླིང་པ་ཆེན་པོས་ཀྱང་རྗེ་ཉིད་ཆོས་བདག་ཡིན་ཚུལ་བཅས་འབྱོན་པར་ཐུགས་དགྱེས་མཛད། སླར་ཡང་བསམ་ཡས་སུ་ཕེབས། སྟག་རྩེ་སྡེ་པ་ལྷ་རྒྱལ་རབ་བརྟན་དྲུང་གིས་སྤྱན་དྲངས་ཏེ་གསོལ་སྟོན་དང་འབུལ་ནོད་གཟབ་པ་ཞུས། དེ་འཕྲལ་མཆོད་ཡོན་ལྷན་ཅིག་དབུ་རྩེར་གནས་གཟིགས་དང་ཁྲུས་གསོལ་རབ་གནས་བཅས་གནང་། བཅོ་ལྔར་མདོ་སྡེ་མཆོད་པ་གཟིགས། དེ་ནས་ཆིབས་བསྒྲུར་ཏེ་འབྲས་གླིང་དུ་ཕེབས། གྲྭ་པ་ཞིག་གིས་ཀླུ་འཇིམ་ལས་གྲུབ་པའི་སྟོན་པའི་མཛད་བཅུ་ཤེལ་སྒོ་ཅན་ངོ་མཚར་བ་ཕུལ་བས་ཐུགས་ཤིན་ཏུ་མཉེས་ནས་རྟེན་གསུམ་མཆོད་ཆ་འགང་ཆེ་རིགས་བྱུང་ན་གདན་ས་ཆེན་པོར་ཕེབས་པའི་འོས་ཡིན་སོགས་གསུངས། ཁྲ་འབྲུག་ཏུ་ཕེབས་ཏེ་མཆོད་འབུལ་སྨོན་ལམ་རྒྱས་པར་མཛད། རྡོ་སྐས་མགོའི་སྒྲོལ་མའི་བྲིས་སྐུ་ལ་སྙན་ཤལ་འབུལ་བར་མཛད་པས་བཞེས་པར་གྲགས། ཡར་ཀླུང་དབོན་རིན་པོ་ཆེ་ནས་གདན་འདྲེན་ཞུས་པར་