[A:༥༣༨]པོའི་འབུལ་བ་རྒྱ་ཆེན་དང་བཅས་གཏེར་ཆེན་རིན་པོ་ཆེ་ནས་སླར་ཡང་མཇལ་བའི་སྨོན་ལམ་དང་སྐྱེལ་ཐུང་གནང།
གྲ་ཐང་དུ་ཞང་བློན་ལྷ་གཡག་གི་བསུ་བ་ལ་སྙན་ཤལ་གནང་། སྣེ་ཆུང་ཆོས་མཛད་ནས་རྒྱ་སྦུག་ཕྲིན་ལས་མཁའ་ཁྱབ་ཀྱི་གཙོས་འབུལ་ཆེན་དང་བཅས་རྣམ་ཀུན་ཐུགས་རྗེས་གཟུང་བར་གསོལ་བ་བཏབ། ར་བ་སྨད་དུ་ལྷ་མིའི་བསུ་བ་ངོ་མཚར་བ་བཅས་ཕེབས། སང་ཉིན་བསངས་མཆོད་རྒྱས་པའི་ཐོག་ཆོས་སྐྱོང་དང་མཇལ་འཕྲད་མཛད་དེ། རྗེ་ཉིད་ནས་དབུ་འཆིང་། སྒྲོན་དར་སྣ་ལྔ། གསེར་སྐྱེ་མས་སྲང་གང་། གཞན་ཡང་སྤྱན་གཟིགས་སྒོ་མཚོན་ལྷ་རྟ་སོགས་རྒྱ་ཆེར་བསྩལ།
ཆོས་སྐྱོང་གི་གསུང་ལས་དགེ་བཤེས་ཆེན་པོ་ཉི་མའི་འོད་ཟེར་འབངས་འཁོར་དུ་མའི་ཚོགས་བཅས་པ་དཀར་པོའི་གནས་ནས་བཟུང་ར་ས་འཕྲུལ་སྣང་བརྒྱུད་འགྲོ་བ་མང་པོའི་རྒྱུད་བྱིན་གྱིས་བརླབས་ནས་གནས་འདིར་འབྱོར་བ་ལེགས་པོ་དགའ་རབ་ཡིན། སྲུང་མ་བསྭེའི་ཁྲབ་ཅན་ང་རང་ཡང་དྲེགས་པའི་ཆས་སུ་ཞུགས་ཏེ་ལུས་དང་གྲིབ་བཞིན་རེས་སྔོན་ལ་འོང་། རེས་རྗེས་ལ་འོང་བྱས་པ་དགེ་བཤེས་རང་གི་གསལ་ནང་ལྟར་ཡིན་སོགས་ཞུས་པས། རྗེ་ཉིད་ནས་ཀྱང་དེ་ལྟར་ཡིན་ཚུལ་དང་། ད་དུང་ཡང་བསྟན་དང་བསྟན་འཛིན་སྐྱོང་པ་དགོས་ཚུལ་སོགས་ཕེབས། ཆོས་སྐྱོང་ནས་